དབུ་ཤོག>ཞིང་འབྲོག་གསར་པ།
  • འབྲས་ཤིང་སྡོང་པོར་འབྲས་བུའི་ཁུར་གྱིས་གཏམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-23

    སྣང་རྫོང་སྣང་གྲོང་རྡལ་ཁྲུང་ཁང་གྲོང་ཚོ་ནི་རྒྱལ་ལམ་560ཡི་རྒྱུད་དུ་གནས་པ་དང་འདི་ནི་ཡར་ཀླུང་གཙང་པོའི་འགྲམ་གྱི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་ཞིང་། ས་ཆ་དེའི་རང་བྱུང་ཡུལ་ལྗོངས་མཛེས་ལ་གནམ་གཤིས་དྲོ་ཞིང་འགྲིམ་འགྲུལ་སྟབས་བདེ་པོ་ཡོད། ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གི་ལེགས་ཆར་གཞི་ཚུགས་ཏེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་128ཚང་མར་རང་ཉིད་ལ་དབང་བའི་ཤིང་འབྲས་ལྡུམ་ར་ཡོད་པར་བརྟེན་རང་ཁ་རང་གསོ་ཐུབ་པ་དང་དུས་མཚུངས་ད་དུང་ཕྱིར་འཚོང་གི་ཡོང་འབབ་ཀྱང་ཡོང་གི་ཡོད།

    ཁྲུང་ཁང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དབྱང་ཙི་ཨན་གྱིས“ང་ཚོ་ཁྲུང་ཁང་གྲོང་ཚོ་ཡར་ཀླུང་གཙང་པོའི་རྒྱུད་དུ་ཡོད། གྲོང་ཚོའི་གནམ་གཤིས་དང་ཁོར་ཡུག་ཚང་མ་ཤིང་ཏོག་སྐྱེ་འཚར་ལ་ཧ་ཅང་འཚམ་པས་གཞི་རྩའི་ཆར་ཁྱིམ་ཚང་ཚང་མར་ཤིང་འབྲས་ལྡུམ་ར་ཡོད”ཅེས་བཤད།

    “ང་ཚོའི་ཁྱིམ་གྱི་ཤིང་འབྲས་ལྡུམ་ར་ཅུང་ཆུང་མོད། འོན་ཀྱང་ཤིང་འབྲས་སྡོང་པོ་10ལྷག་ཙམ་ཁོ་ན་ནས་ན་ནིང་སྒོར་2000ལྷག་ཙམ་རག་བྱུང་། ད་ཆ་ཤིང་འབྲས་ར་བའི་ཡོང་འབབ་ཕུད་ང་དང་བཟའ་ཟླ་ཕྱིར་གླ་པར་འགྲོ་ཡི་ཡོད་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་8ཟིན་གྱི་འདུག ན་ནིང་ཡང་ཀུ་ཤུའི་སྡོང་པོ་བཅུ་ལྷག་ཙམ་བཏབ་པ་ཡིན། གལ་ཏེ་ས་སྟོང་ཡོད་ན་ངས་འབྲས་ཤིང་མང་ཙམ་བཏབ་ནས་ཡོང་འབབ་མང་ཙམ་གསོག་འདོད་འདུག”ཅེས་གྲོང་མི་ཉི་མ་བློ་བཟང་གིས་བཤད།

    གྲོང་ཚོའི་ནང་གི་ན་གཞོན་ཏང་ཡོན་ཉི་མ་བློ་བཟང་གིས་གྲོང་ཚོའི་ནང་གི་མི་བཅུ་ལྷག་ཙམ་གྱི་སྣེ་ཁྲིད་དེ་ཉེ་འགྲམ་གྱི་ལས་ཡུལ་དུ་གླ་པར་བསྐྱོད་པ་དང་ཆབས་ཅིག གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་རྒྱ་སྐད་མི་ཤེས་པའི་རྒན་རྒོན་ལ་ཤིང་འབྲས་འཚོང་རོགས་བྱས་ཏེ་ཁོང་ཚོའི་ཕྱིར་ཚོང་གི་དཀའ་གནད་སེལ་རོགས་ཀྱང་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཁྲུང་ཁང་མཛེས་ལྗོངས་ཁུལ་རིམ་སྤོར་སྒྱུར་བཀོད་བྱས་པ་བརྒྱུད་ཡུལ་སྐོར་བ་རྒྱུན་ཆད་མེད་པར་མང་དུ་སོང་ཡོད། སྣང་རྫོང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་འོག ཁྲུང་ཁང་གཞིས་ཀ་དང་ལོ་ངོ་སྟོང་གི་སྟར་སྡོང་གླིང་ཁའི་འགྲམ་དུ་ཤིང་འབྲས་དང་སྔོ་ཚལ་ཕྱིར་ཚོང་ས་ཚིགས་བཙུགས་པས། མང་ཚོགས་ལ་ཤིང་འབྲས་འཚོང་བར་སྟབས་བདེ་ཆེན་པོ་བྱུང་བ་རེད།

    ཁྲུང་ཁང་མཛེས་ལྗོངས་ཁུལ་གྱི་ཉེ་འདབས་ཀྱི་ཁྲོམ་བཀྱག་སྟེང་དུ་ཀུ་ཤུ་དང་། ཁམ་བུ། སྟར་ཀ་སོགས་སྣ་མང་ཕུན་སུམ་ཚོགས་པ་དང་། ཤིང་འབྲས་མི་འདྲ་བའི་རིན་གོང་རྒྱ་མ་རེར་སྒོར་5ནས་15བར་ཡིན། “ངས་དེར་ཟླ་བ་གཅིག་ལྷག་ཙམ་ཀུ་ཤུ་སོགས་ཐོན་རྫས་བཙོངས་པར་ཡོང་འབབ་སྒོར་4000ལྷག་ཙམ་བྱུང་བ་དང་། ན་ནིང་ང་ལ་ཡོང་འབབ་སྒོར་ཁྲི་2ཙམ་བྱུང་། འདི་ལོའི་ཡོང་འབབ་སྔོན་དཔག་བྱས་ན་ན་ནིང་དང་འདྲ་པོ་ཡོད”ཅེས་ལས་བྲེལ་ཆེ་བའི་བོད་རིགས་ཨ་ཅག་ཅིག་གིས་ང་ཚོར་དེ་ལྟར་བཤད་བྱུང་། མིག་སྔར་གྲོང་མིའི་ཁྱིམ་གྱི་ཁམ་བུ་དང་། ཀུ་ཤུ། སྟར་ཀ་སོཌ་ལ་འབྲས་བཟང་སྨིན་ནས་ཐོན་འབབ་བཟང་པོ་ཡོད་པ་རེད།

    ཉེ་ལམ་ལོ་ཤས་རིང་། ཁྲུང་ཁང་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་གཏོང་བར་ཤུགས་སྣོན་བརྒྱབ་ནས། ཁོང་ཚོར་བསམ་བློར་བཅིངས་འགྲོལ་གཏོང་བ་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་ཡོང་འབབ་མང་དུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་པ་དང་ཆབས་ཅིག ཐོན་རྫས་ཀྱི་སྤུས་ཚད་དང་ཐུམ་སྒྲིལ་ཐད་མཛུབ་ཁྲིད་བྱས་ཏེ་རིམ་དབྱེ་དང་། རིགས་དབྱེ། ཐུམ་སྒྲིལ་ཇུས་འགོད་བཅས་ཞིབ་ཚགས་ཀྱང་བྱས་པ་རེད། མིག་སྔའི་བར་ཁྲུང་ཁང་གྲོང་ཚོས་སྟར་ཀ་དང་། ཀུ་ཤུ། ལི་སོགས་བཙོངས་པར་ཁྱོན་སྒོར་ཁྲི་44ཟིན་པ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།