སྐྱིད་གཤོངས་སྡེ་ཁུལ་ནི་ཡར་ཀླུང་གཙང་པོའི་ལྷོ་ངོས་སུ་གནས་ཡོད་པ་དང་། གོང་དཀར་རྫོང་གྲོང་གི་ཤར་ངོས་ནས་བར་ཐག་སྤྱི་ལེ་2ཡོད། རྫོང་གྲོང་ནས་རླངས་འཁོར་བསྡད་དེ་སྐར་མ་གསུམ་སོང་རྗེས་སྐྱིད་གཤོངས་སྡེ་ཁུལ་དུ་འབྱོར་པ་དང་། སྡེ་ཁུལ་གྱི་ཁོངས་གཏོགས་སུ་རང་བྱུང་ཚོགས་ཆུང་5ཡོད་པར་དུད་ཚང་391 མི་གྲངས་1299ཡོད་པ་ཚང་མ་2018ལོར་དབུལ་སྒྲོལ་ཐུབ་ཡོད་པ་རེད།
འདི་ནི་སྐྱིད་གཤོངས་སྡེ་ཁུལ་ཡིན་པ།
“སྡེ་ཁུལ་ལ་ཁེ་ཕན་ཆེ་ཤོས་ཐོབ་པ་དང་སྡེ་ཁུལ་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གཏོང་ཐུབ་པ་བྱུང་བ་ནི་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་གཉེར་བའི་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ཡིན་པ་རེད། ང་ཚོའི་སྡེ་ཁུལ་གྱི་མང་ཚོགས་སྔོན་མ་ཕྱི་རོལ་དུ་ཞོར་ལས་ལ་འགྲོ་རྒྱུར་དགའ་པོ་ཡོད་པ་དང་། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་བཙུགས་རྗེས། མི་མང་པོ་སྡེ་ཁུལ་ནས་ཕྱིར་འགྲོ་མི་དགོས་པར་རང་ལ་འཚམ་པའི་ལས་གནས་ཤིག་རྙེད་ཐུབ་ཀྱི་ཡོད་ལ། དཔལ་འབྱོར་གྱི་ཡོང་འབབ་ཀྱང་ཡག་པོ་ཡོང་གི་ཡོད” ཅེས་སྐྱིད་གཤོངས་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གིས་གསར་འགོད་པར་བཤད།
སྐྱིད་གཤོངས་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གིས་མང་ཚོགས་ལ་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེལ་བཤད་བརྒྱབ་བཞིན་པ།
ཁོང་གིས “ད་ཆ་སྡེ་ཁུལ་ལ་མཉམ་སྡེབ་དཔལ་འབྱོར་གྱི་བྱེ་འདོན་ར་བ་དང་། སོ་ཕག་བཟོ་གྲྭ ཁང་པའི་བོགས་དངུལ་སོགས་ཡོད། 2018ལོར་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་380བྱུང་བ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.46ཟིན་ཡོད” ཅེས་བཤད།
མིག་དམར་ནི་སྡེ་ཁུལ་གྱི་དབུལ་པོའི་དུད་ཚང་ཡིན་ལ་ཁྱིམ་དུའང་ཁོང་གཅིག་པུ་ལས་མེད། ཁོང་གི་དེ་སྔའི་ཁང་པ་རྙིང་པ་ལོ་མང་ཉམས་གསོ་མ་བྱུང་བ་དང་། ཉེན་ཡོད་ཁང་པར་གྱུར་ནས་མི་བསྡོད་ཐབས་བྲལ་བས། སྡེ་ཁུལ་གྱི་ཏང་ཡོན་ཚོས་གནས་ཚུལ་འདི་ཤེས་རྗེས་རང་མོས་ཐོག་རེས་མོས་ངང་ཁོང་ལ་ཁང་པ་གསར་པ་རྒྱག་རོགས་བྱས་ཡོད།
མིག་དམར་གྱིས “ང་རང་སྔོན་མ་ལས་ཀ་བྱེད་མ་འགྱིད་པ་དང་ཡར་ཐོན་གྱི་བསམ་པ་མེད་པའི་མི་ཞིག་ཡིན། ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏང་ཡོན་བློ་མཐུན་གྱིས་རྟག་ཏུ་རང་ཉིད་ལ་ཤེས་ཡོན་དང་ལག་རྩལ་སློབ་སྦྱོང་བྱེད་དགོས་པའི་བསམ་བློའི་སློབ་གསོ་བརྒྱབ་པས། རྗེས་སུ་རང་ཉིད་སྡེ་ཁུལ་གྱི་ཟླ་རེར་ཐེངས་རེ་སློབ་སྦྱོང་བྱེད་པའི་སློབ་ཁང་(མཚན་མོའི་སློབ་གྲྭ་དང་འདྲ་བ)ལ་སློབ་སྦྱོང་བྱེད་པར་ཕྱིན་པ་ཡིན། སློབ་སྦྱོང་བྱེད་པའི་ཁྲོད་ཏང་གི་དམངས་ཕན་སྲིད་ཇུས་དང་། རྒྱ་ཡིག བོད་ཡིག རྩིས་རིག་བཅས་ཀྱི་རྨང་གཞིའི་ཤེས་བྱ་ཤེས་བྱུང་ལ། ད་ཆ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཞོར་ལས་ལ་ཕྱིན་པས་ཡོང་འབབ་གསག་ཐུབ་ཀྱི་འདུག དེས་མ་ཚད་སྡེ་ཁུལ་གྱི་ཏང་ཡོན་ཚོས་ང་ལ་ཁང་པ་གསར་པ་རྒྱག་རོགས་བྱེད་བྱུང་བས། རང་ལ་བསྡོད་སའི་ཁང་པ་ཡོད་ལ་ཡོང་འབབ་ཀྱང་ཡོད”ཅེས་བཤད།
འདི་ནི་མིག་དམར་གྱི་སྡོད་ཁང་གསར་པ་ཡིན་པ།
“2017ལོར་སྡེ་ཁུལ་ཏང་ཀྲི་པུའི་སྣེ་ཁྲིད་འོག ཕྱོགས་མང་པོ་ནས་མ་དངུལ་སྒོར་ཁྲི་856གྲབས་གསོག་བྱས་པ་དང་། དེའི་ནང་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ནས་མ་དངུལ་སྒོར་ཁྲི་428བཏོན་ཡོད་པ་དང་། ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་དང་ཏང་ཡོན་ལྟེ་བའི་དུད་ཚང་གིས་ཕྱོགས་མང་པོ་ནས་མ་དངུལ་སྒོར་ཁྲི་428གྲབས་གསོག་བྱས་ནས། སྐྱིད་གཞུང་གྲོང་རྡལ་གྱི་རི་ཆུ་ཨར་འདམ་ལས་སྣོན་ཚད་ཡོད་ཀུང་སི་བཙུགས་པ་རེད། 2018ལོའི་ལོ་མཇུག་ཏུ་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་380ཟིན་ཡོད། མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བའི་མི་གྲངས་246བྱུང་བ་དེའི་ནང་མི་30ལས་ཞུགས་བརྟན་པོ་ཐུབ་པ་བྱུང་ཡོད། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་4ཚུད་པ་དང་འདི་ལོ་སྡེ་ཁུལ་མང་ཚོགས་ལ་ཁེ་སྤོགས་བགོ་བཤའ་སྒོར་ཁྲི་164བརྒྱབ་ཡོད་པ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཁེ་སྤོགས་བགོ་བཤའ་རྒྱག་པའི་མ་དངུལ་སྒོར་ཁྲི་5ལྷག་ཙམ་ཟིན་པ་དང་། དུད་ཚང་15ཡི་མི་30ལ་འབབ་འཕར་བྱུང་ཡོད་པ་དང་ལོར་ཆ་སྙོམས་འབབ་འཕར་སྒོར་1600ལྷག་ཙམ་བྱུང་ཡོད། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.41ཟིན་ནས་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད”ཅེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་བཀྲ་ཤིས་བག་གྲོས་གསར་འགོད་པར་བཤད་བྱུང་།
བཀྲ་ཤིས་བག་གྲོས་བཤད་པར། ཟླ་རེའི་སློབ་གསོའི་ལམ་ལུགས་དང་། ཟླ་རེར་གཏན་འཇགས་ཉིན་མོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང་དང་ཕྱུག་འགྱུར་སྣེ་ཁྲིད་པ། ལས་བྱེད་པ་རྒན་གྲས་བཅས་སྒྲིག་འཛུགས་བྱས་ནས་ཆེད་མངགས་བཞུགས་མོལ་བྱས་ཏེ་ཁོང་ཚོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་བྱས་པ་རེད། མིག་སྔའི་བར་དུད་ཚང་དབུལ་པོར་ཟླ་རེའི་སློབ་གསོ་ཐེངས་6སྤེལ་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མར་ཁྱབ་ཡོད་པ་རེད།
སྤེན་པ་ཚེ་རིང་ནི་གྲོང་རྡལ་གྱི་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པ་དང་། སྐྱིད་གཤོངས་གྲོང་རྡལ་རི་ཆུ་ཨར་འདམ་ལས་སྣོན་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཡིན། སྡེ་ཁུལ་ཏང་ཀྲི་པུའུ་དང་ཁོང་གི་འབད་བརྩོན་འོག ཀུང་སིའི་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་ཡོད། 2012ལོ་ནས་བཟུང་ལོ་ལྟར་སྡེ་ཁུལ་གྲོང་ལྷན་ལ་ཆ་སྙོམས་ཡོང་འབབ་སྒོར་ཁྲི་92ལྷག་ཙམ་བགོ་བཤའ་བརྒྱབ་པ་དང་མི་100ལྷག་ཙམ་ལས་ཞུགས་ཐུབ་པ་བྱུང་ཡོད་ལ། མི་རེར་ཆ་སྙོམས་འབབ་འཕར་སྒོར་2800ལྷག་ཙམ་བྱུང་ཡོད། ཁོང་གི་འབད་བརྩོན་འོག སྔ་རྗེས་སུ་སྐྱིད་གཤོངས་སྡེ་ཁུལ་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་། སོ་ཕག་བཟོ་གྲྭ སྐྱེལ་འདྲེན་རླངས་འཁོར་རུ་ཁག་སོགས་བཙུགས་པ་རེད། ད་ལྟ་ལས་ཞུགས་མི་གྲངས་180ཟིན་པས་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོན་ཡོད།
ཁོང་གིས་ཐོག་མཐའ་བར་གསུམ་དུ་རོགས་སྐྱོར་དང་སྣེ་ཁྲིད་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་ལས་གཏོད་བྱེད་འགོ་ཚུགས་པ་ནས་ད་བར་སྔ་རྗེས་སུ་སྒོར་ཁྲི་60བཏང་ནས་མང་ཚོགས་དབུལ་པོ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཁང་པ་རྒྱག་པ་དང་དུས་ཆེན་སོགས་ལ་ཁོང་ཚོར་འཚམས་འདྲི་ཞུ་བ་སོགས་བྱེད་ཀྱི་ཡོད། 2017ལོར་ཁོང་ལ་ལྷོ་ཁ་གྲོང་ཁྱེར་རིམ་པའི་ཕུལ་བྱུང་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པའི་མཚན་སྙན་ཐོབ་ཡོད་པ་རེད།