དབུ་ཤོག>ཞིང་འབྲོག་གསར་པ།
  • སེམས་ཤུགས་ཆེ་བའི་བུ་མོ་ཆུང་ཆུང་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-09

    1992ལོར་སྐྱེས་པའི་ཟླ་སྒྲོན་ནི་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཤིང་ཚང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཞིང་པ་དཀྱུས་མ་ཞིག་རེད། “དགུ་བཅུ་ནང་སྐྱེས”ཀྱི་ཏང་ཞུགས་ཧུར་བརྩོན་ཅན་ཁོ་མོ་ནི་ཕྱི་ནས་བལྟས་ན་བབ་ཆགས་ལ་ཕྲུ་གུའི་སྣང་བ་ཆེ་རུང་། དོན་ལ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་ཆེ་བའི་གཞོན་ནུ་མ་ཞིག་རེད། ལོ་28ལས་མིན་རུང་ཁོ་མོ་གྲོང་ཚོ་ཡོངས་སུ་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་རེད། ལས་ལ་བརྩོན་ཞིང་བབ་ཆགས་པའི་གྲོང་གསེབ་ཀྱི་གཞོན་ནུ་མ་དེས་ནམ་ཡང་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སེམས་ཤུགས་ལ་བརྟེན་ནས་ཤིང་ཚང་གྲོང་ཚོའི་དུད་ཚང་དབུལ་པོ་དང་དབང་པོ་སྐྱོན་ཅན་གྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོའི་ལམ་བུར་བསྐྱོད།

    ཟླ་སྒྲོན་གྱིས་ལོ་9ནས་བཟུང་ཕ་མའི་རྗེས་སུ་འབྲངས་ནས་མི་རིགས་ལག་ཤེས་བཟོ་རྩལ་སྦྱོང་འགོ་བརྩམས་ཤིང་། ཕྱོགས་སྡོམ་དང་གསར་གཏོད་བྱེད་མཁས་ལ་སྦྱངས་པ་ཆེ་བའི་ཟླ་སྒྲོན་གྱིས་ཕྱོགས་གཅིག་ནས་རྒན་རབས་ཚོའི་ས་ནས་ལག་རྩལ་སྦྱངས་པ་དང་། ཕྱོགས་གཞན་ཞིག་ནས་མི་རིགས་ཀྱི་གྱོན་ཆས་མང་པོ་ཇུས་འགོད་དང་འཚེམ་བཟོ་བྱས་ནས་ཉམས་མྱོང་དང་ལག་རྩལ་ངེས་ཅན་ཞིག་བསགས་ཡོད།

    2016ལོར། ཏང་གི་དམངས་ཕྱུག་སྲིད་ཇུས་དང་སྤྱི་ཚོགས་ཀྱི་ལས་གཏོད་རྣམ་པའི་སྣེ་ཁྲིད་འོག ཟླ་སྒྲོན་གྱིས་དབུས་གཙང་བུད་མེད་མི་རིགས་ལག་ཤེས་བཟོ་རྩལ་ཞིང་པའི་མཉམ་ལས་ཁང་བཙུགས་ཏེ། གཙོ་བོ་སྲོལ་རྒྱུན་གྱི་བོད་ཆས་དང་ཐང་གའི་གོས་ཤམ་སོགས་འཚེམ་བཟོ་བྱས་ཤིང་། དཀའ་སྤྱད་སྡུག་རུས་ཆེ་བའི་ཁོ་མོས་གོམ་པ་རེ་རེ་བཞིན་བྱ་གཞག་གསར་གཏོད་ཀྱི་དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱས།

    ཟླ་སྒྲོན་གྱིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། མཉམ་ལས་ཁང་རིམ་བཞིན་གཉེར་སྐྱོང་ཡག་པོ་བྱུང་མོད། འོན་ཀྱང་ཟླ་སྒྲོན་གྱིས་གྲོང་ཚོ་གཅིག་པའི་མང་ཚོགས་རྣམས་བརྗེད་མེད་ཅིང་། ཁོ་མོས་རང་འགུལ་ངང་གྲོང་ཚོ་དེ་གའི་གྲོང་མི་12རྐང་ཞུགས་རྣམ་པའི་ཐོག་ནས་མཉམ་ལས་ཁང་ནང་བསྡུས་པ་དང་ཆབས་ཅིག དབང་པོ་སྐྱོན་ཅན་དང་དུད་ཚང་དབུལ་པོ་23ལ་ལས་ཞུགས་འབབ་འཕར་ཡོང་བའི་སྐུལ་ཁྲིད་བྱས་པ་བརྒྱུད། ཁོང་ཚོ་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་ནས་ཡོང་འབབ་བྱུང་ཡོད། “ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་བཏང་ནས་མི་རིགས་ལག་ཤེས་བཟོ་རྩལ་དེ་བས་ལེགས་པའི་ངང་རྒྱུན་འཛིན་དང་ཚང་མའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་པོའི་ལམ་དུ་བསྐྱོད་རྒྱུར་གདེང་ཚོད་ཆེན་པོ་ཡོད”ཅེས་ཟླ་སྒྲོན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།