སྨར་ཁམས་རྫོང་རོང་སྨད་གྲོང་རྡལ་གྲུ་ཁ་གྲོང་ཚོར་སྐྱོད་སྐབས། གྲལ་སྟར་འགྲིག་པའི་བོད་བཟོའི་དམངས་ཁྱིམ་སྟར་པ་རེ་རེ་དང་། དུད་ཚང་རེ་རེའི་སྒོ་རྩར་ཁྲིད་པའི་རྒྱ་ཆེ་ལ་ཁོད་སྙོམས་པའི་འགྲོ་ལམ། ལམ་རྒྱུད་དུ་བཞད་པའི་མེ་ཏོག་སྣ་ཚོགས་ཀྱི་དྲི་བསུང་། རྩེད་འཇོར་རོལ་བའི་ཕྲུ་གུ་སོགས་མཐོང་ཐུབ། ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་70སོང་ཚུན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། གྲོང་ཚོ་འདི་ལ་ཡང་རིམ་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
2019ལོའི་ཟླ་གསུམ་པར། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་རྒྱབ་སྐྱོར་འོག སྨར་ཁམས་རྫོང་གིས་གྲུ་ཁ་གྲོང་ཚོའི་གཙང་ཤར་ཚོགས་ཆུང་གི་དུད་ཚང་46གི་གྲོང་མིའི་སྡོད་ཁང་སྟར་པ་26དང་སྒོ་ར་སྒྱུར་བཀོད་རིམ་སྤོར་བྱེད་འགོ་ཚུགས་པ་མ་ཟད། ད་དུང་བཙོག་ཆུ་ཕྱིར་འབུད་མདོང་ལམ་བསྐྱར་ཁྲིད་དང་། འགྲོ་ལམ་ཉམས་བཟོ། ལེ་ལག་ཚང་སྒྲིག་གི་སྒྲིག་བཀོད་སྒར་བ་སོགས་ཀྱང་བྱས་ནས་གྲུ་ཁ་གྲོང་ཚོ་དེང་རབས་ཀྱི་ཉམས་འགྱུར་དང་མི་རིགས་ཀྱི་ཁྱད་ཆོས་གཉིས་ལྡན་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་ཏུ་གྱུར་པར་བྱས་པ་རེད།
གྲུ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཆོས་གྲགས་ཀྱི་སྣེ་ཁྲིད་འོག་གསར་འགོད་པ་རིན་ཆེན་བཀྲ་ཤིས་ཀྱི་ཁྱིམ་དུ་བསྐྱོད་པ་དང་། ཁོང་ཁྱིམ་གྱི་སྒོ་རའི་ནང་དུ་ཤིང་འབྲས་ལི་ཙི་དང་སེ་འབྲུ་སོགས་མང་པོ་སྨིན་ནས་དྲི་བསུང་འཐུལ་བཞིན་ཡོད་པ་དང་། དེ་མིན་པད་ཚལ་དང་། ཙོང་། ཀྲོ་མ་ཀྲུ་སོགས་སྔོ་ཚལ་རིགས་ཀྱང་སྐྱེ་འཚར་ཡག་པོ་ཡོད།
ཅི་འཕྲོས་མོལ་འཕྲོས་བརྒྱུད་རིན་ཆེན་བཀྲ་ཤིས་སྔོན་ཆད་གཟུགས་པོ་བདེ་པོ་མེད་པའི་ཁར་ཕྲུ་གུ་གསུམ་སློབ་གྲྭར་བཏང་དགོས་སྟབས། 2015ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་ཤེས་བྱུང་།
“ཏང་དང་སྲིད་གཞུང་གི་རོགས་སྐྱོར་འོག ང་ད་ལྟ་གཞུང་ལམ་བདག་སྐྱོང་བ་ཞིག་ཏུ་གྱུར་ཡོད། ངའི་བཟའ་ཟླས་ཀྱང་གསོལ་མགྲོན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པས་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་སོང”ཞེས་ངའི་བུ་མོ་གཉིས་ད་ཆ་སློབ་གྲྭ་ཐོན་ཏེ་གཅིག་གྲོང་གསེབ་ཀྱི་དགེ་རྒན་ཡིན་པ་དང་། གཞན་དེ་རོང་སྨད་གྲོང་རྡལ་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་སུ་ལས་ཀ་བྱེད་ཀྱི་ཡོད་ཅེས་རིན་ཆེན་བཀྲ་ཤིས་ཀྱིས་དགའ་སྤྲོའི་ངང་བཤད་པ་རེད། ད་ཆ་རིན་ཆེན་བཀྲ་ཤིས་ཁྱིམ་གྱི་འཚོ་བ་ནི་ཇེ་ལེགས་ནས་ཇེ་ལེགས་རེད།
ལྟ་སྐོར་བྱེད་པའི་ལམ་བར་དུ། བློ་བཟང་ཆོས་གྲགས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་བཏོད་དེ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་གྲུ་ཁ་གྲོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་མཆོག་ཅིག་ཡིན། “2019ལོར་སྤེལ་འགོ་ཚུགས་པའི་གྲོང་ཚོའི་རྣམ་པ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་ཁྲོད། ང་ཚོས་གྱང་བཤིག་ནས་སྒོ་རའི་ནང་ལོགས་མཐོང་བར་བྱེད་པའི་བྱེད་ཐབས་སྤྱད་ནས་བོད་ཁྱིམ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། གྲོང་མིའི་སྡོད་ཁང་དང་ཁྲོམ་ལམ་སྒྱུར་བཀོད་སྔོ་འགྱུར་བྱས་པ་དང་ཆབས་ཅིག ‘ལོ་བརྒྱའི་ལོ་རྒྱུས་ལྡན་པའི་བོད་གྲོང’དང‘ལམ་གཉིས་ཀྱི་སྙིང་སྟོབས’ཀྱི་གསར་བརྗེའི་རིག་གནས་ཁྱམས་རིང་དང་དེ་བཞིན་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱས་ནས། མང་ཚོགས་ལ་ཡུལ་སྐོར་གྱི་ཡོང་འབབ་གསོག་རྒྱུའི་སྣེ་ཁྲིད་བྱས་པ་ཡིན”ཞེས་བཤད་པ་རེད།
གྲོང་མི་བདེ་ཆེན་ཁྱིམ་གྱི་སྒོ་ར་ཆེ་ཡང་ཁང་པ་ཧ་ཅང་ཆུང་། ཡིན་ན་ཡང་སྒྱུར་བཀོད་རིམ་སྤོར་བྱས་རྗེས། སྡོད་ཁང་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་སྒོ་ར་ཡང་ཆེ་ཆུང་རན་པ་ཞིག་ཏུ་གྱུར་ཡོད། ཕྱིས་སུ་བདེ་ཆེན་ཁྱིམ་ནི་གྲོང་ཚོའི་དམངས་ཁང་སྒྱུར་བཀོད་ཚོད་ལྟའི་ཁྱིམ་ཚང་དུ་གྱུར་ཡོད་པ་རེད།
“དེ་སྔོན་དུས་སྐབས་ཤིག་ནང་། ང་ཚོས་དམངས་ཁྱིམ་མགྲོན་ཁང་གཉེར་སྐྱོང་སྐོར་གྱི་འབྲེལ་ཡོད་གསོ་སྦྱོང་དང་ལེན་ཞུས་པ་ཡིན། སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ང་ཚོས་དམངས་ཁྱིམ་མགྲོན་ཁང་གཉེར་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བདེ་ཆེན་གྱིས་སྤོབས་པ་དང་རེ་བ་ཆེན་པོ་བཅངས་ནས་བཤད།
“དམངས་ཁྱིམ་མགྲོན་ཁང་འཕེལ་རྒྱས་བཏང་བ་ཕུད། ང་ཚོའི་གྲོང་ཚོས་ད་དུང་སྤྲོ་ཞིང་སྤྲོ་བའི་ཁམས་པའི་ན་གཞོན་རིག་གནས་ལས་གཏོད་སྤྱི་ཤག་དང་། སྲོང་བཙན་གསོལ་མགྲོན་ཁང་། རྒྱལ་ལམ་318རྒྱུད་ཀྱི་འགྲུལ་བཞུད་བབས་ཚུགས། ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་སོགས་གཉེར་ནས་གྲོང་མི་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། རྗེས་སུ་ང་ཚོའི་གྲོང་ཚོ་རྒྱལ་ལམ་318རྒྱུད་ཀྱི་ཡུལ་སྐོར་བ་ཡོང་མང་བའི་ས་ཆ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད”ཅེས་བློ་བཟང་བཀྲ་ཤིས་ཀྱིས་བཤད་པ་རེད།