སླད་མོན་པ་མི་རིགས་ཤང་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་ནོར་བུ་ཚེ་རིང་གིས་མཉམ་ལས་ཁང་གི་ལག་རྩལ་མཛུབ་ཁྲིད་པ་ཟླ་བ་སྒྲོལ་མ་དང་མཉམ་དུ་ཇ་ལོའི་སྐྱེ་འཚར་ལ་ལྟ་བ།
2011ལོར། སླད་མོན་པ་མི་རིགས་ཤང་གིས་མང་ཚོགས་132སྒྲིག་འཛུགས་བྱས་ནས་སླད་མོན་པ་མི་རིགས་ཤང་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་ནོར་བུ་ཚེ་རིང་མཉམ་ལས་ཁང་གི་ལས་འཛིན་འགན་འཁུར་བར་བདམས་པ་རེད།
ནོར་བུ་ཚེ་རིང་ནི་དཀའ་ངལ་ལ་མི་སྐྲག་ལ། ངར་ཤུགས་དང་འཇོན་ཐང་ལྡན་པའི་མི་ཞིག་རེད། དེར་བརྟེན་ཁོང་སྔ་རྗེས་སུ་མཉམ་ལས་ཁང་གི་ལས་འཛིན་འགན་འཁུར་བ་དང་། སླད་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན། སླད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཅས་ལ་བདམས་པ་རེད།
“ད་ཆ་ཇ་ལོ་འདེབས་མཁན་མང་ཚོགས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་གཉིས་ཙམ་ཡོད”ཅེས་ནོར་བུ་ཚེ་རིང་གིས་བཤད་པ་དང་། ཁོང་གིས“ལྷག་པར་དུ‘ལེགས་པོའི་བྱིན་ལྡན་ཇའི’ཚོང་རྟགས་ཐོ་འགོད་བྱས་རྗེས་ཇ་ལོ་དེ་བས་བྲིན་ཁ་རྒྱུག་ཏུ་ཕྱིན་སོང”ཞེས་བཤད།
ལེགས་པོ་རོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ་ནས་དྲོ་འཇམ་ཁུལ་གྱི་དུས་རླུང་གི་ནམ་ཟླའི་བར་བརྒལ་ས་ཁུལ་ཡིན། དེར་ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད་1940ཟིན་པ་དང་སད་མེད་པའི་དུས་ཚོད་ཉིན་186དང་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་10.03ཡིན་པས་ཇ་ལོ་སྐྱེ་འཚར་ལ་ཧ་ཅང་འཚམ། 2014ལོའི་ཟླ་5ཚེས་22ཉིན་ས་ཆ་དེ་ཉིད་དེ་སྔའི་ཞིང་ལས་པུས་ཞིང་ལས་ཐོན་ཟོག་གི་ས་ཁམས་མཚོན་རྟགས་ཁུལ་དུ་གཏན་འཁེལ་བྱས།
ཉེ་བའི་ལོ་ཤས་རིང་། ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆར་བརྟེན་ནས། ཨན་ཧུའེ་ཞིང་ཆེན་གྱི་རོགས་སྐྱོར་ཤུགས་ཆེན་འོག་སླད་མོན་པ་མི་རིགས་ཤང་གིས“རྟེན་གཞི་དང་། ཞིང་དུད། མཐུན་ཚོགས”བཅས་ཟུང་དུ་འབྲེལ་བའི་ཇ་ལོའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། མང་ཚོགས་ཀྱིས་ཇ་བཏབ་ནས་ཡོང་འབབ་མང་དུ་གཏོང་ཐུབ་ལ། མཉམ་ལས་ཁང་དུ་ལས་ཀར་ཡོང་ནས་ཡོང་འབབ་མང་དུའང་གཏོང་ཐུབ། འདི་ལོ་ལོ་65ལ་སླེབས་པའི་སླད་གྲོང་ཚོའི་གྲོང་མི་མཚོ་མོའི་རྐང་པ་སྐྱོན་ཅན་ཡིན་པས་ཕྱི་ལ་འགྲོ་བའི་གོ་སྐབས་ཉུང་། མིག་སྔར་མཉམ་ལས་ཁང་དུ་ཡུར་མ་རྒྱག་པ་དང་ཐུམ་སྒྲིལ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། “མཉམ་ལས་ཁང་དུ་ལས་ཀ་བྱས་ན་ཉིན་རེར་གླ་ཆ་སྒོར་150རག་གི་ཡོད་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཉིས་གསུམ་ཙམ་ཡོང་གི་འདུག ངས་ཇའི་ཐོན་ལས་མུ་མཐུད་དར་རྒྱས་བྱུང་ནས་ཚང་མའི་འཚོ་བ་ཇེ་ཡག་ཏུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་མཚོ་མོས་བློ་ཡིད་ཚིམ་པོས་བཤད།
“མིག་སྔར་ང་ཚོས་ཐོན་སྐྱེད་བྱས་པའི་ཇ་ལོར་ལོ་མ་ཆེ་བའི་ཇ་དང་། སྤ་ཏི། ཇ་ལྗང་སོགས་རིགས་མང་པོ་ཡོད། འཕེལ་རྒྱས་ཕྱིན་པ་བརྒྱུད་ད་ཆ་ཇ་ཞིང་མུའུ་693ཟིན་པ་དང་ལོར་ཇ་ལོ་སྤྱི་རྒྱ་ཆིག་ཁྲི་ཙམ་ཐོན་གྱི་ཡོད། འོན་ཀྱང་ཐོན་འབབ་མང་པོ་མེད་པས་མིག་སྔར་དགོས་མཁོ་སྐོང་མི་ཐུབ་པ་དང་རྟག་ཏུ་ཐོན་སྐྱེད་མ་བྱས་གོང་ནས་མངཌ་ཀྱི་འདུག”ཅེས་ནོར་བུ་ཚེ་རིང་གིས་བཤད།
ཐོན་ཚད་མཐོ་རུ་གཏོང་བ་དང་། ཁྲོམ་ར་བཟུང་ཚད་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་དུ་གཏོང་བ་བཅས་བྱ་ཆེད་ས་གནས་དེས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཡོད། 2017ལོར་ཨན་ཧུའེ་ཞིང་ཆེན་གྱི་རྒྱབ་སྐྱོར་འོག་སླད་མོན་པ་མི་རིགས་ཤང་གིས་སླད་གྲོང་ཚོའི་མང་ཚོགས་ཟླ་བ་སྒྲོལ་མ་ཨན་ཧུའེ་ཞིང་ཆེན་ལས་རིགས་ལག་རྩལ་སློབ་གླིང་དུ་འདེབས་འཛུགས་དང་། གཡོག་བྱེད། ལས་སྣོན་སོགས་ཀྱི་ལག་རྩལ་སློབ་སྦྱོང་ལ་མངགས། ལག་རྩལ་སྦྱངས་ནས་ལོག་རྗེས་ཟླ་བ་སྒྲོལ་མ་མཉམ་ལས་ཁང་གི་ལག་རྩལ་མཛུབ་ཁྲིད་པར་གྱུར།
“ད་ཆ་ངས་ཇ་ཤིང་གི་མྱུ་གུ་གསོ་སྐྱོང་དང་ཇ་ཞིང་གཡོག་བྱེད་ཀྱི་འགན་འཁུར་གྱི་ཡོད། ད་དུང་ཇ་ལོ་ཚོང་ཁང་གི་བྲིན་ཚོང་དང་དྲ་ཐོག་བྲིན་ཚོང་སོགས་ཀྱི་ལས་ཀའི་འགན་འཁུར་གྱི་ཡོད། ན་ནིང་མཉམ་ལས་ཁང་གི་ཇ་ལོ་ཕྱིར་ཚོང་གི་ཡོང་འབབ་སྒོར་ཁྲི་250ཙམ་ཟིན་ཞིང་། ད་ཆ་མི་མང་པོ་ཞིག་གིས་ང་ཚོའི་ཇ་ལོ་ཉོ་བར་ཡོང་གི་འདུག གལ་ཏེ་ང་ཚོས་ལས་ཀ་ཧུར་ཐག་བྱས་ན་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཟླ་བ་སྒྲོལ་མས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།