དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གནད་སྨིན་གསོ་སྦྱོང་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུཌ་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-11

     ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ཏན་ཏིག་སྤེལ་བ་དང་རྩལ་ནུས་གསོ་སྦྱོང་གི་གྲུབ་འབྲས་ཆེ་རུ་བཏང་སྟེ། ཕན་འབྲས་དངོས་ལ་བརྟེན་ནས་ཞིང་འབྲོག་པ་ཡུན་རིང་དང་། བརྟན་པོ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལས་ཞུགས་གཞན་སྒྱུར་བྱེད་རྒྱུར་རམ་འདེགས་བྱེད་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཉེར་བའི་ཀྲུང་ལུགས་གཡོས་སྦྱོར་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་འགྲིལ་བ་རེད།

    གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་འགྲིལ་བའི་ས་གནས་ས་ཐོག་ཏུ་རྣམ་པ་འཁྲུག་ཆ་དོད་པ་དང་སྒྲིག་ལམ་ཡག་པོ་ཡོད་ཅིང་། སློབ་མཇུག་འགྲིལ་བའི་ཆོད་སྡོམ་ལྷུ་ཚིགས་ཁྲོད་ཉམས་མྱོང་ཕུན་སུམ་ཚོགས་པའི་ཀྲུང་ལུགས་གཡོས་སྦྱོར་བའི་དཔྱད་བརྗོད་པས་སློབ་མར་དམའ་རིམ་ལས་རིགས་རྩལ་ནུས་ཀྱི་ཆོད་སྡོམ་བྱས་པ་དང་གཏུབ་རྩལ་དང་། སྡེར་འགྲིག ཚོན་མདོག་དང་འཚོ་བཅུད་སྦྱོར་རྟ་སོགས་ལྷུ་ཚིགས་ལ་དཔྱད་ཞིབ་ནན་པོ་བྱས་པ་བརྒྱུད། སློབ་མ་40ཡི་ཁྲོད་ནས་ཆོད་སྡོམ་ཐུབ་ཚད་39ཟིན་པ་དང་ཚད་ལོན་ཚད་97.5%ཟིན་པ་རེད།

    གསོ་སྦྱོང་སྤུས་ཚད་དང་གསོ་སྦྱོང་གྲུབ་འབྲས་འགན་ལེན་བྱེད་ཆེད། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་བཏོན་ཞིང་། གསོ་སྦྱོང་འཛིན་གྲྭར་ཁྱོན་གསོ་སྦྱོང་དགེ་རྒན་3བཀོད་སྒྲིག་བྱས་ཏེ་བོད་རྒྱ་སྐད་གཉིས་ནས་སློབ་ཁྲིད་བྱས་པ་དང་དོ་དམ་འཐུས་ཤོར་མེད་པར་བྱས་པ་རེད། གསོ་སྦྱོང་ཁྲོད་ཀྲུང་ལུགས་གཡོས་སྦྱོར་ཚུད་པ་མ་ཟད། ད་དུང་བོད་ཟས་ཀྱང་ཡོད་པས་སློབ་མའི་ལས་ཞུགས་བྱེད་ཁྱོན་རྒྱ་ཆེར་ཏན་ཏིག་བཏང་བ་རེད།

    དུས་ཡུན་ཉིན་45ཡི་གསོ་སྦྱོང་སློབ་ཚན་ནང་ད་དུང་དུས་བཀག་ལྟར་བྲོ་བ་ལྟ་བའི་ཆོད་སྡོམ་ཚོགས་འདུ་འཚོགས་ཏེ་ཆོད་སྡོམ་དགེ་རྒན་གྱིས་དཔྱད་བརྗོད་དང་སློབ་མ་ཕན་ཚུན་ཟས་རིགས་བྲོ་བ་ལྟ་རེས་བྱས་པས་སློབ་མའི་དུས་མཚམས་རང་བཞིན་གྱི་ཕྱོགས་སྡོམ་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་། སློབ་མ་སྒྲིག་འཛུགས་ཀྱིས་གྲགས་ཅན་བཟའ་བཏུང་ཁེ་ལས་སུ་ལྟ་སྐོར་བྱས་ཏེ་བཟའ་བཏུང་གཉེར་སྐྱོང་དང་། དོ་དམ། ཞབས་ཞུའི་ཉམས་མྱོང་བཅས་སློབ་སྦྱོང་བྱས་ནས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་བ་དང་ལས་གནས་དང་སྔ་སྣུར་དུ་བསྟུན་ཐུབ་ཐབས་བྱས་པ་རེད།

    སློབ་མཇུག་འགྲིལ་བའི་མཛད་སྒོར་དཔྱད་ཞིབ་ཆོད་སྡོམ་བྱེད་པ་ཕུད་ད་དུང་ཁེ་ལས་དང་འབྲེལ་མཐུད་ཀྱི་འབྲེལ་ཡོད་ལས་དོན་སྤེལ་བ་རེད། ཁྲོན་ཚལ་ཟ་ཁང་དང་། བོད་ཟས་ཟ་ཁང་། རྒྱ་ཁོག་ཟ་ཁང་སོགས་བཟའ་བཏུང་ཁེ་ལས་14ཡིས་ལས་མི་བསྡུ་བར་ཡོང་བ་མ་ཟད། ས་གནས་ས་ཐོག་ཏུ་སློབ་མ་17དང་ངལ་རྩོལ་གན་རྒྱ་བཞག་པ་རེད། གཞན་ཡང་། སློབ་མ་12སློབ་མཇུག་མ་འགྲིལ་གོང་ནས་ལས་ཞུགས་ལས་གནས་གཏན་འཁེལ་བྱུང་བ་དང་སློབ་མ་8ཀྱིས་ལས་གཏོད་བྱེད་པའམ་ཡང་ན་ལས་གཏོད་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ལས་ཞུགས་ཐུབ་ཚད་92.5%ཟིན་ནས་ཟླ་རེའི་ཆ་སྙོམས་གླ་ཆ་སྒོར་4000ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།