“དེ་སྔ་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོ་ནི་དཔེ་མཚོན་གྱི་རྗེས་ལུས་གྲོང་ཚོ་དང་གྲོང་ཚོ་དབུལ་པོ་ཞིག་ཡིན། ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་ཡོད་མེད་ནི། ང་ཚོས་ཉིན་ལྟར་སེམས་ཁྲལ་བྱེད་པའི་བྱ་བ་ཞིག་རེད། འཚོ་བའི་ཁོར་ཡུག་ཞན་པས་གང་སར་གད་སྙིགས་ཀྱིས་ཁེངས་ནས་ཕྱིར་སྐྱོད་སྐབས་ཐལ་རྡུལ་དང་འདམ་བག་གིས་ཁེངས་ནས་ཡོད། གྲོང་ཚོར་ཁང་པ་ངོ་དྲག་པ་ཡང་མཐོང་རྒྱུ་མེད”ཅེས་ལྗང་གྲོང་ཚོའི་དེ་སྔོན་གྱི་གནས་ཚུལ་སྐོར་གླེང་སྐབས་ཡུལ་མི་བཀྲ་ཤིས་ཕུན་ཚོགས་ཀྱིས་མྱོང་བ་ཟབ་མོས་དེ་ལྟར་བརྗོད།
ཞིང་པའི་འཚོ་གནས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བར་ཉེ་འགྲམ་གྱི་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་གཏོང་བ་ནས་འགོ་འཛུགས་དགོས་པ་དང་དེ་ནི་བརྒྱུད་དགོས་ངེས་ཀྱི་དུས་མཚམས་ཤིག་རེད། 2006ལོར། ལྗང་གྲོང་ཚོ་འབྱོར་འབྲིང་བདེ་སྡོད་ལས་གྲྭའི་ཚོད་ལྟའི་གྲོང་ཚོ་ཁག་དང་པོ་ཡིན་པའི་ངོས་ནས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་འགོ་ཚུགས། 2008ལོ་ནས་2009ལོ་བར། ལྗང་གྲོང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་གི་མཉམ་སྡེབ་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་གྲོང་ཚོ་དང་པོར་གྱུར། 2019ལོ་ནས་ད་བར། ལྗང་གྲོང་ཚོས་རང་ངོས་ཀྱི་རྨང་གཞིའི་ཆ་རྐྱེན་དང་སྲིད་ཇུས་ཀྱི་གཟིགས་སྐྱོང་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་སྒྲིག་བཀོད་དྲོད་ཁང་གི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཐོག་མ་འཕེལ་རྒྱས་བཏང་བས་རིམ་བཞིན་སྒྲིག་བཀོད་དྲོད་ཁང་གི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ཆེད་ལས་རྟེན་གཞིར་གྱུར། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལེགས་གཏོང་གི་ལས་གྲྭ་སྤེལ་རྒྱུ་འཚོལ་ཞིབ་བྱས་པ་བརྒྱུད། མཛེས་སྡུག་ལྡན་པའི་གྲོང་གསེབ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ལ་ཚོད་ལྟའི་སྐུལ་འདེད་བཏང་ནས། རྫོང་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཆེད། རྩ་ཆེའི་ཉམས་མྱོང་བསགས། དེ་ནས་བཟུང་། སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་བྱེད་སྒོ་ལྗང་གྲོང་ཚོར་སྤེལ་འགོ་ཚུགས།
“2019ལོའི་ཟླ་8པར། ལྗང་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་གྲྭ་དངོས་སུ་སྐྲུན་འགོ་ཚུགས། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་4400ལྷག་ཙམ་བཏང་བར་གྲོང་ཚོ་རིམ་པས་མ་དངུལ་སྒོར་ཁྲི་2300བཏང་བ་དེ་གཙོ་བོ་ཆུ་འབུད་འཛུགས་སྐྲུན་དང་། རིག་གནས་ཐང་ཆེན་འཛུགས་སྐྲུན། བཙོག་ཆུ་གཙང་གསིང་བཟོ་གྲྭ་འཛུགས་སྐྲུན་བཅས་ཀྱི་ཐད་སྤྱད་པ་དང་། མང་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་1300ལྷག་ཙམ་གྲབས་གསོག་བྱས་པ་དེ་གཙོ་བོ་རང་ཁྱིམ་གྱི་སྒོ་རའི་ཐབ་ཚང་དང་གསང་སྤྱོད་བསྒྱུར་བཀོད་དང་། ཁང་པའི་རྒྱབ་མདུན་སྔོ་འགྱུར་དང་ས་ཁོད་སྙོམས་པ་སོགས་ཀྱི་ཐད་སྤྱད། གྲོང་ཚོའི་མཉམ་སྡེབ་ཀྱིས་མ་དངུལ་སྒོར་ཁྲི་700ལྷག་ཙམ་བཏང་བ་དེ་གཙོ་བོ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་རླངས་འཁོར་འཇོག་ས་སྐྲུན་པ་དང་། ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་ལམ་རྒྱུད་ཀྱི་སྔོ་འགྱུར་དང་འགྲོ་ལམ་མཁྲེགས་འགྱུར་སོགས་ཀྱི་ཐད་སྤྱད་པ་རེད། རྣམ་གྲངས་དེ་ལག་བསྟར་བྱས་པ་བརྒྱུད། ལྗང་གྲོང་ཚོའི་ཁོར་ཡུག་ཧྲིལ་པོ་ཡག་ཏུ་དང་རིག་གནས་སྒྲིག་བཀོད་ཆ་ཚང་དུ་ཕྱིན་པ་དང་དེ་བཞིན་བཅོས་སྐྱོང་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། ལྷག་དོན་དུ་མང་ཚོགས་ཀྱི་འཚོ་བ་དང་བསམ་བློའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་ལྗང་གྲོང་ཚོའི་ཧྲུའུ་ཅི་དང་པོ་པ་སངས་ཚེ་རིང་གིས་བརྗོད།
བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོར”གྲགས་པའི་ལྷ་མོ་ལྗང་གྲོང་ཚོར་གོང་འཕེལ་སོང་ནས་ལོ་280འདས། ལོ་མང་རིང་། ལྗང་གྲོང་ཚོས“ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོ”དང“ལྷ་མོའི་གྲོང་ཚོ”ཞེས་པའི་ལོ་རྒྱུས་རིག་གནས་ཐུན་མོང་མིན་པར་བརྟེན་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་བླངས་མྱོང་། ལྷ་མོ་རྒྱུན་འཛིན་གོང་འཕེལ་གཏོང་རིང་། ས་གནས་ཁག་གི་འཚོ་བའི་གོམས་སྲོལ་དང་། རིག་གནས་སྲོལ་རྒྱུན། ཡུལ་སྐད་གྲོང་སྐད་བཅས་མི་འདྲ་བའི་རྐྱེན་གྱིས་ལྷ་མོར་ཡང“ལྗང་སྟོད་ལྷ་མོ”དང“ལྗང་སྨད་ལྷ་མོ”ཞེས་ལུགས་མི་འདྲ་བ་གཉིས་ཡོད།
2018ལོར། ཆུ་ཤུར་རྫོང་གིས་ལྗང་གྲོང་ཚོའི་ལྷ་མོ་དམངས་ཁྲོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བཅུག་པ་དང་། ལྗང་གྲོང་ཚོའི་ལྷ་མོ་ཚོགས་པ་བསྐྱར་དུ་བཙུགས་ནས་ལྗང་གྲོང་ཚོའི་ལྷ་མོ་རྒྱུན་འཛིན་གོང་འཕེལ་བཏང་། ལོ་དེར་ལྗང་གྲོང་ཚོའི་ལྷ་མོ་མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་གསར་མཚན་ཚོགས་ཐོག་འཁྲབ། 2019ལོར། ལྗང་གྲོང་ཚོའི་ལྷ་མོ་ལྗོངས་ཡོངས་ཀྱི་ལྷ་མོའི་མིང་གཞུང་ནང་བཅུག་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས། ལྷ་མོ་དར་འཕེལ་བྱུང་བ་དང་བསྟུན་ནས་ལྗང་གྲོང་ཚོ་ཉིད་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་པའི་གྲོང་ཚོར་གྱུར་ཏེ་གྲོང་གསེབ་དར་རྒྱས་ཀྱི་ཚ་རླབས་དགུང་དུ་འཕྱུར།
2005ལོར། ལྗང་གྲོང་ཚོས་ས་གྱང་གི་དྲོད་ཁང་བཙུགས་ནས་ཤིང་འབྲས་དང་སྔོ་ཚལ་རྒྱ་ཆེར་བཏབ་པ་དང་། ད་ཆ་ལྗང་གྲོང་ཚོར་སྒྲིག་བཀོད་དྲོད་ཁང་གི་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་མུའུ་1000ཙམ་བར་འཕེལ་བ་མ་ཟད། ད་ལོ་སྒྲིག་བཀོད་དྲོད་ཁང་མུའུ་2000གསར་སྐྲུན་དང་བསྐྱར་སྐྲུན་གྱིས་སྒྲིག་བཀོད་དྲོད་ཁང་མུའུ་2500བར་གྱི་འཕེལ་རྒྱས་དམིགས་ཚད་དུ་སླེབས་པར་བྱས་ཏེ། སྒྲིག་བཀོད་དྲོད་ཁང་གི་ཤིང་འབྲས་དང་སྔོ་ཚལ་གྱི་ཆེད་ལས་གྲོང་ཚོར་རིམ་གྱིས་འཕེལ་རྒྱས་བཏང་།
དེ་དང་ཆབས་ཅིག ལྗང་གྲོང་ཚོས་སྔོ་ཚལ་ལས་སྣོན་སྡེབ་སྐྱེལ་དང་། འབྲུ་སྣུམ་ལས་སྣོན། ལྷ་མོ་འཁྲབ་སྟོན། སྤྲོ་གསེང་ཡུལ་སྐོར་སོགས་སྤེལ་རྒྱུ་འཚོལ་ཞིབ་ཀྱིས་ཞིང་ལས་ཐོན་ལས་འཁོར་འབྲེལ་རྒྱ་སྐྱེད་བཏང་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གོང་འཕེལ་གྱི་ཐོན་ལས་འཁོར་འབྲེལ་བཏོད་ཡོད།