གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དེ་མང་ཚོགས་དེ་གར་སླེབས་ཚེ་འགྲོ་མི་འདོད་པ་དང་དེ་ནས་བྲལ་ན་སླར་ཡང་ཡོང་འདོད་པའི་བསམ་བློའི་གཡུལ་ས་གཙོ་བོ་ཞིག་ཏུ་གཏོད་ཆེད། ཉིན་ཤས་གོང་སྣེ་གདོང་ཆུས་ཡར་སྟོད་ཤང་གིས“ཏང་གི་བཀའ་དྲིན་ཚོར་བ་དང་། ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བ། རྒྱལ་སྟོན་དུས་ཆེན་བསུ་བ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་མང་ཚོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་དེ་རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པ། ཏང་ཞུགས་དམ་བཅའ་བསྐྱར་འཇོག་བཅས་ཀྱི་མཛད་སྒོའི་ཁྲོད་འགོ་ཚུགས་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་སྒོར་གཞས་འཁྲབ་པ་དང་། ཕྱུག་འགྱུར་གྱི་ཡོང་འབབ་རྩིས་རྒྱག་པ། ཏང་གི་བཀའ་དྲིན་གླེང་བ་བཅས་བྱས་ཤིང་། གྲོང་ཚོ་ཁག་གི་རིག་རྩལ་རུ་ཁག་གིས་དགོད་བྲོའི་གཏམ་གླེང་དང་། རྐྱང་གཞས། ཞབས་བྲོ་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་དང་རླབས་ཆེན་མེས་རྒྱལ་ལ་བཀའ་དྲིན་ཆེ་ཞུ་བའི་བསམ་པ་མཚོན་པར་བྱས་ཡོད། བྱེད་སྒོ་སྤེལ་རིང་། ཏང་ཡོན་རྒན་གྲས་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་རྐང་འཛིན་གྱིས་ཉེ་འགྲམ་གྱི་མི་དང་བྱ་བར་བརྟེན་ནས་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་དུ་བོད་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བརྗོད་དེ་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཛེས་སྡུག་ལྡན་པའི་འཚོ་བ་ལྷུག་པོར་གླེང་བ་རེད།
བྱེད་སྒོ་སྤེལ་བ་བརྒྱུད། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཀྱི་ཆོད་སེམས་དང་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་པ་དང་གཞི་རིམ་གྱི་འཐབ་འཛིང་མཁར་རྫོང་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།