དབུ་ཤོག>ཞིང་འབྲོག་གསར་པ།
  • འབྲུ་རྡོག་ཆུང་ཆུང“གསེར”ལ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-09-08

    2015ལོར་གྲུབ་འབྲས་ཐོབ་པའི་ངང“རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས”སུ་ཡིག་ཐོག་སྙན་ཞུ་ཕུལ་ནས་འཛམ་གླིང་ཕྱོགས་སུ་སྐྱོད་པའི“རྒྱལ་སྤྱིའི་ལམ་ཡིག”ཐོབ་པ་དང་། 2016ལོར་ཆབ་མདོ་གྲོང་ཁྱེར་ཁམས་པའི་ཁྱད་ལྡན་ཐོན་རྫས་ཚོང་འདུས་ཀྱི“ཐོན་རྫས་ཡག་ཤོས་ཀྱི་གསར་གཏོད་བྱ་དགའ”ཐོབ་པ། 2019ལོར་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་ལྔ་པའི“མཁའ་དབྱིངས་ཀྱི་དྭངས་གཙང”ཞེས་པའི་སྤུས་རྟགས་ཐོན་རྫས་ཚོང་འདུས་ཀྱི“དགའ་བསུ་ཆེ་ཤོས་ཐོབ་པའི་ཐོན་རྫས་ཀྱི་བྱ་དགའ”ཐོབ་པ་རེད།

    གཟི་བརྗིད་མཚན་སྙན་རེ་རེ་ལས་དཔའ་ཤོད་རྫོང་ལྷ་ཀླུ་ཁའི་བྲ་བོ་ལས་སྣོན་བཟོ་གྲྭའི་འཕེལ་རྒྱས་ཀྱི་རྗེས་ཤུལ་ལ་དཔང་པོ་བྱས་ཡོད།

    གྲོང་ཁྱེར་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་ཆ་ནས། དཔའ་ཤོད་རྫོང་ལྷ་ཀླུ་ཁའི་བྲ་བོ་ལས་སྣོན་བཟོ་གྲྭས་བྲ་བོ་འདེབས་པའི་ལེགས་ཆ་གང་ལེགས་སྤྱད་དེ་རང་ངོས་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ་དང་ཆབས་ཅིག མང་ཚོགས་དུད་ཚང་2000ལྷག་ཙམ་གྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་དེ་ས་གནས་དེ་གའི་ཐོན་ལས་དབུལ་སྐྱོར་གྱི་དར་ཆ་ཞིག་ཏུ་གྱུར་ཡོད།

    “ཀུང་སི་+རྟེན་གཞི་+ཞིང་དུད”ཀྱི་རྣམ་པ་ཆགས་པ།

    རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་གནས་པའི་དཔའ་ཤོད་རྫོང་དུ“འབྲུ་སྣ་ལྔའི་རྒྱལ་པོ”ཞེས་པའི་མཚན་སྙན་ལྡན་པའི་བྲ་བོ་འདེབས་པའི་ལོ་500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་པད་མ་གྲོང་རྡལ་འབྲུག་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དགའ་ཚེ་འཕེལ་ཁྱིམ་གྱིས་མི་རབས་ནས་མི་རབས་བྲ་བོ་འདེབས་ཀྱི་ཡོད། ལོ་རེའི་ཟླ་3པར། དགའ་ཚེ་འཕེལ་དང་ནང་མི་ཚང་མས་ནས་མུའུ་3འདེབས་དགོས་པ་དང་ཟླ་བ་བདུན་པར་སྨིན་ནས་བསྡུས་རྗེས་ཡང་བྲ་བོ་འདེབས་པར་བྲེལ། དགའ་ཚེ་འཕེལ་གྱིས་གསར་འགོད་པར། དཔའ་ཤོད་རྫོང་ལྷ་ཀླུ་ཁའི་བྲ་བོ་ལས་སྣོན་བཟོ་གྲྭ་གྲོང་ཚོའི་འདབས་སུ་ཡོད་པ་དང་མིག་སྔར་གྲོང་ཚོ་ཡོངས་སུ་བྲ་བོ་མུའུ་400ལྷག་ཙམ་བཏབ་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་རག་གི་ཡོད་ཅེས་བཤད།

    2012ལོར། དཔའ་ཤོད་རྫོང་ལྷ་ཀླུ་ཁའི་བྲ་བོ་ལས་སྣོན་བཟོ་གྲྭས“ཀུང་སི་+རྟེན་གཞི་+ཞིང་དུད”ཀྱི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་པད་མ་གྲོང་རྡལ་དང་། སྐྱིད་མདའ་ཤང་། ལྷ་རྒན་ཤང་། གླིང་ཁ་ཤང་བཅས་ཤང་གྲོང་བཞི་ཡི་གྲོང་མི་དུད་ཚང་2000ལྷག་ཙམ་ལ་བྲ་བོ་འདེབས་རྒྱུའི་སྐུལ་འདེད་བྱས་པ་རེད། ཉེ་བའི་ལོ་ལྔའི་རིང་ལས་སྣོན་བཟོ་གྲྭས་བྲ་བོ་ཏུན་312ཉོ་སྒྲུབ་བྱས་པས་ཞིང་པར་ཐད་ཀར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་314བྱུང་ཡོད།

    དཔའ་ཤོད་རྫོང་ལྷ་ཀླུ་ཁའི་བྲ་བོ་ལས་སྣོན་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བློ་བཟང་སྒྲོལ་དཀར་གྱིས་གསར་འགོད་པར། 2016ལོ་ནས་འདི་ལོའི་ཟླ་6པའི་ཟླ་མཇུག་བར་ལས་སྣོན་བཟོ་གྲྭའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་1140ཟིན་པ་དང་རིམ་རྩིས་བྱས་ན་ཁྲལ་དངུལ་སྒོར་ཁྲི་58.3འཇལ་ཡོད་ཅེས་བཤད།

    ཚོང་རྟགས་ལ་བརྟེན་ནས་ཐོན་རྫས་སྣ་ཁ་ཇེ་མང་དུ་བཏང་བ།

    དཔའ་ཤོད་རྫོང་ལྷ་ཀླུ་ཁའི་བྲ་བོ་ལས་སྣོན་བཟོ་གྲྭར་སྐྱོད་སྐབས་བྲ་བོའི་ཐོན་རྫས་སྣ་ཚོགས་མཐོང་རྒྱུ་ཡོད། བློ་བཟང་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལས་སྣོན་བཟོ་གྲྭར་བྲ་ཕྱེ་དང་། བྲ་བོའི་ཇ། བྲ་རྩམ་སྔས་མགོ་སོགས་ཐོན་རྫས་སྣ་ཁ་བཅུ་ལྷག་ཙམ་ཡོད།

    མིག་སྔར་དཔའ་ཤོད་རྫོང་གི་བྲ་བོའི་ཐོན་རྫས་ཀྱིས་ལྗོངས་ཡོངས་ཀྱི་ཁྲོམ་རའི་50%ནས་60%བར་བཟུང་ཡོད། ལྷ་ཀླུ་ཁའི་བྲ་བོའི་ཐོན་རྫས་ཀྱིས་ཁྲོམ་རའི་ཐོབ་སྐལ་དེ་བས་མང་བ་བཟུང་ཆེད། བློ་བཟང་སྒྲོལ་དཀར་དང་ཁོང་གི་ཚོགས་པས་ཐོན་རྫས་ཀྱི་བཀོད་ཇུས་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་བཞིན་ཡོད།

    བློ་བཟང་སྒྲོལ་དཀར་གྱིས། ལོ་འདིར་བྲ་བོའི་མྱུར་ཞུས་སྐྱོ་མ་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་བཤད། རྒྱ་ཆེའི་འཛད་སྤྱོད་པའི་ངོས་ནས་བརྗོད་ན། བྲ་བོའི་མྱུར་ཞུས་སྐྱོ་མ་སྟབས་བདེ་བ་དང་ཡུག་པོ་དང་འདྲ་བར་ཐད་ཀར་སྦངས་ནས་ཟ་ཆོག་གི་ཡོད། དེ་དང་ཆབས་ཅིག་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད་ཁེ་ལས་འཕེལ་རྒྱས་ཀྱི་མདུན་ལམ་སྔར་བས་རྒྱ་ཆེར་ཕྱིན་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།

    ལྷ་ཀླུ་ཁའི་བྲ་བོ་ལས་སྣོན་བཟོ་གྲྭའི་འཆར་གཞི་ལྟར་ན་བྲ་བོའི་ཨ་རག་དཀར་པོ་དང་བྲ་བོའི་སྦི་རག་གི་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱས་ནས་ཆང་གི་ལས་རིགས་འཕེལ་རྒྱས་གཏོང་རྩིས་ཡོད་པ་རེད། རེ་ཞུ་ལེགས་གྲུབ་བྱུང་རྗེས་སྔོན་དཔག་བྱས་ན་ལས་ཞུགས་མི་སྣ་30ནས་50བར་མང་དུ་ཕྱིན་ཏེ་མང་ཚོགས་དེ་བས་མང་བ་སྒོ་འགྲམ་དུ་ལས་ཞུགས་ཐུབ་རྒྱུ་རེད།

    ལག་རྩལ་སྣ་གཅིག་ཤེས་ཚེ་ལས་ཞུགས་ལ་སེམས་ཁྲལ་བྱེད་དགོས་མེད།

    ད་ཆ་བྲ་བོ་ནི་དཔའ་ཤོད་རྫོང་གི་མིང་བྱང་ཞིག་ཡིན་པ་མ་ཟད། ད་དུང་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱེད་པའི་འབྱུང་རྩ་ཞིག་ཀྱང་རེད།

    2010ལོར་ནོར་བུ་རྒྱལ་མཚན་བྲ་བོ་ལས་སྣོན་བཟོ་གྲྭར་ལས་ལ་ཞུགས། ཐོག་མར་ཁོང་གི་ལས་ཀ་ནི་ཁ་ལོ་བ་ཡིན། ཁོམ་པ་ཡོད་དུས་ཁོང་གིས་འཁོར་ཁང་གི་ལས་མིས་ལས་ཀ་བྱེད་པར་ལྟ་ཡི་ཡོད་པས་དུས་ཚོད་རིང་པོ་སོང་རྗེས་རང་ཉིད་ཀྱིས་ཀྱང་ལས་ཀ་དེ་ཤེས་པར་གྱུར།

    2016ལོར། བྲ་བོ་ལས་སྣོན་བཟོ་གྲྭས་བྲ་བོའི་ཇ་དང་བྲ་གཟན་ཐོན་སྐྱེད་ཀྱི་སྒྲིག་ཆས་གསར་པ་ཁག་གཅིག་ནང་འདྲེན་བྱས་པས། ནོར་བུ་རྒྱལ་མཚན་གྱིས་རང་འགུལ་ངང་རེ་འདུན་ཞུས། ཟླ་3གྱི་གསོ་སྦྱོང་བརྒྱུད། ཁོང་གིས་སྒྲིག་ཆས་སྣ་ཚོགས་སྤྱོད་སྟངས་ཁོང་དུ་ཆུད་ནས་ལག་རྩལ་པ་ཞིག་ཏུ་གྱུར།

    གླ་ཕོགས་ཐོག་ཕན་བདེ་སྣ་ཚོགས་བསྣན་པས་ནོར་བུ་རྒྱལ་མཚན་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བདུན་བརྒྱད་ཙམ་བྱུང་ནས་ནང་མི་ཚང་མའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད།

    སྤྱིར་བཏང་གི་ལས་མི་དཀྱུས་མ་ཞིག་ཡིན་པའི་བློ་བཟང་སྒྲོལ་མར་ཟླ་རེར་གླ་ཆ་སྒོར་3500ཡོད། ཁོང་གི་ངོས་ནས་བརྗོད་ན། སྒོ་རྩར་ལས་ཞུགས་ཐུབ་པ་ནི་སྟབས་བདེ་ཆེ་ཤོས་ཤིག་རེད། ལོ་ལྔའི་གོང་ཁོང་མི་གཞན་གྱི་ངོ་སྤྲོད་བརྒྱུད་ལས་སྣོན་བཟོ་གྲྭར་ཡོང་། རྒྱུ་མཚན་ནི་ཁ་ལག་ཡག་པོ་ཞིག་བཟོ་ཐུབ་པས། ཟླ་གཅིག་ཙམ་ཚོད་ལྟ་བྱས་རྗེས་ལས་ཀ་དངོས་སུ་སྤྲད་པ་རེད།

    “སྔོན་ཆད་པད་མ་གྲོང་རྡལ་དུ་ཁོར་ཡུག་གཙང་སྦྲའི་བཟོ་པ་བྱེད་མྱོང་ཡོད། སྐབས་དེ་དུས་ཉིན་ལྟར་ཉི་མ་དང་ལྷགས་པའི་ཁྲོད་ལས་ཀ་བྱས་ན་ཡང་གླ་ཕོགས་ད་ལྟ་བཞིན་མང་པོ་མེད། ངའི་རེ་བ་ནི་མུ་མཐུད་ལས་ཀ་བྱེད་རྒྱུ་དེ་ཡིན”ལས་ཀ་དེ་ཡོད་པ་ནས་བཟུང་བློ་བཟང་སྒྲོལ་མས་ཉིན་ལྟར་ལས་ཀ་གྲོལ་རྗེས་བུ་བཅོལ་ཁང་དུ་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་ལ་ཁྱིམ་གྱི་འགྲོ་སོང་ལའང་སེམས་ཁྲལ་བྱེད་དགོས་མེད།

    ཁ་གྱེས་དུས་ཅིང་ལི་གཞོན་པ་བློ་བཟང་སྒྲོལ་དཀར་གྱིས་ལྷ་ཀླུ་ཁའི་བྲ་བོ་དེ་སྤུས་རྟགས་གྲགས་ཅན་ཞིག་ཏུ་ཧུར་ཐག་བཏོད་དེ་དཔའ་ཤོད་རྫོང་ལ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།