2019ལོར། ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་172.45ཟིན་ཏེ་ལོ་གོང་མའི་དུས་མཚུངས་ལས་8.1%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16710ཟིན་པ་ལོ་གོང་མའི་དུས་མཚུངས་ལས་12.8%འཕར་ནས་ལོ་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་རེད།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཕྱིན་པ་ལས་ཞིང་འབྲོག་པའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
ཁྱད་ལྡན་ཞིང་ལས་ཀྱིས་འབབ་འཕར་ལ་རམ་འདེགས་བྱས་པ།
དབྱར་དུས་ཀྱི་སྐབས་སུ་མེ་ཏོག་རྫོང་འབྲས་སྤུངས་ཤང་སྤ་སྟེང་གྲོང་ཚོའི་གྲོང་མི་སངས་རྒྱས་ཀྱིས་སྔར་རྒྱུན་བཞིན་ཞོགས་པར་སྔ་པོ་ནས་ལངས། མི་འགྱངས་པར་ཞིང་བྲེལ་ཆེ་བའི་དུས་ལ་སླེབས་རྒྱུ་ཡིན་པས། ད་ཆ་ཁོམ་པ་ཡོད་པའི་སྐབས་སུ་ཁོང་གིས་སྨྱུག་མའི་སླེལ་པོ་མང་ཙམ་སླེ་རྩིས་བྱེད་བཞིན་ཡོད།
སངས་རྒྱས་ཀྱིས་ལག་གི་སྨྱུག་སླེལ་ལ་ལྟ་བཞིན། སྨྱུག་སླེལ་འདི་འདྲ་ཞིག་སྒོར་100ལ་བཙོངས་ཐུབ། གལ་སྲིད་ཉིན་གང་བཟོས་ན་སྨྱུག་སླེལ་གཉིས་ནས་གསུམ་བར་བཟོ་ཐུབ་པ་དང་། ཡོང་འབབ་སྒོར་བརྒྱ་ཕྲག་ཁ་ཤས་རག་ཐུབ་ཅེས་བརྗོད།
“སྨྱུག་བསླས་དང་བྲིན་ཚོང་གཉིས་ཁ་འབྲལ་ཐབས་མེད”ཅེས་མེ་ཏོག་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བསྟན་འཛིན་གྱིས་བརྗོད་པ་དང་། ཁོང་གིས་གྲོང་མི་ཚོས་སྨྱུག་སླེལ་བསླས་རྗེས། མེ་ཏོག་རྫོང་གིས་ཆེད་མི་སྒྲིག་འཛུགས་དང་རླངས་འཁོར་བཏང་ནས་སྤོ་བོ་རྫོང་དང་བྲག་ཡིག་ཆུས་སོགས་སུ་བརྒྱུད་སྐྱེལ་བྱས་ཏེ་ལྗོངས་ཕྱི་ནང་དུ་བྲིན་ཚོང་བྱེད་ཀྱི་ཡོད། མངགས་ཐོ་རྣམ་པའི་བྲིན་འཚོང་བྱེད་སྟངས་ཀྱིས་གྲོང་མི་ཚོའི་ཕུགས་ཀྱི་སེམས་ཁྲལ་བསལ་ཡོད་ཅེས་བརྗོད།
སྨྱུག་སླེལ་བཟོས་པ་བརྒྱུད་སྤ་སྟེང་གྲོང་ཚོས་ས་གནས་དེ་གའི་སྨྱུག་མའི་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ཕན་འབྲས་ལ་བསྒྱུར་ནས་སྔ་ཕྱི་བར་གསུམ་དུ་ས་ཞིང་ཁོ་ན་འདེབས་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་བ་མ་ཟད། མང་ཚོགས་ལ་དེའི་ཁྲོད་ནས་དངོས་ཕན་ཡང་ཐོབ་ཡོད།
དེང་རབས་གཉེར་སྐྱོང་གིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་སྔོ་ཚལ་དང་། དཔལ་འབྱོར་ནགས་ཤིང་འདེབས་འཛུགས་གཙོ་བོར་བྱས་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྣོད་བཅུད་ཕག་གསོ་དང་། གླང་གསོ། བྱ་གསོ་སོགས་ཁྱད་ལྡན་ཐོན་ལས་ལ་སྐུལ་འདེད་བཏང་ཡོད།
སྨན་གླིང་རྫོང་དུ་གནས་པའི་སྨན་གླིང་ཞིང་རར་སྐྱོད་སྐབས་ཀུ་ཤུའི་སྡོང་པོ་དང་། ཁམ་སྡོང་། ལི་སྡོང་བཅས་ལ་འབྲས་བུ་གཡུར་དུ་ཟ་བ་ཐོགས་ཤིང་། ཞིང་རའི་དྲོད་ཁང་ཆེ་མོ་500ལྷག་ཙམ་ནང་འབྲས་ཤིང་ཕུད་ད་དུང་ཀྲོ་མ་ཀྲུ་དང་། ཧོང་ཀྭ ཆེ་ཙི་སོགས་སྔོ་ཚལ་སྣ་ཚོགས་དང་། དེ་བཞིན་རྩ་ཆེའི་སྨན་རྩྭ་ཁ་ཤས་བཏབ་ཡོད།
ཞིང་འབྲོག་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱ་ཆེད། སྨན་གླིང་ཞིང་རས་ད་དུང་ཞིང་ལས་དེ་ཡུལ་སྐོར་དང་། རིག་གནས། ཚན་རྩལ་སོགས་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་བྱེད་ཐབས་འཚོལ་ཞིབ་བྱས་པ་བརྒྱུད། ཞིང་ལས་ཀྱང་ཐོན་སྐྱེད་རྐྱང་པ་ནས་སྣོད་བཅུད་དང་འཚོ་བའི་ནུས་པའི་བར་རྒྱ་སྐྱེད་བྱུང་བ་དང་། མཉམ་འདྲེས་སྣོད་བཅུད་ཞིང་ལས་དང་། སྤྲོ་གསེང་ཞིང་ལས་སོགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་ཕྱིན་ཡོད།
སྒོ་རའི་དཔལ་འབྱོར་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བ།
མེ་ཏོག་རྫོང་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོའི་གྲོང་མི་བློ་བཟང་གི་ཁྱིམ་དུ་བསྐྱོད་དུས་མིག་ལམ་དུ་མངོན་པའི་ཡུལ་ལྗོངས་ཀྱིས་ཡིད་དབང་རབ་ཏུ་འཕྲོག་ལ། སྒོ་རའི་ནང་དུ་ཞུ་མཁན་ཤིང་གི་ལོ་མ་ཚང་ཚིང་འཁྲིགས་ཤིང་། སེར་ཐིང་ཐིང་གི་ཞུ་མཁན་ཤིང་འབྲས་གཡུར་དུ་ཟ་བ་ཐོགས་ཏེ་འབྲས་བཟང་སྨིན་པའི་དུས་ཚིགས་ཡག་པོ་ཤར་འདུག
བློ་བཟང་དང་ཁོང་གི་བཟའ་ཟླ་ཅིན་ཧུང་གིས་སྔ་པོ་ནས་ལངས་ཏེ་ཤིང་འབྲས་འཐོག་བཞིན་འདུག བློ་བཟང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་9ཡི་གོང་དུ་བོད་སྐྱོར་ལས་བྱེད་པའི་སྣེ་ཁྲིད་འོག་དེ་སྔའི་སྔོ་ཚལ་འདེབས་འཛུགས་བྱེད་སྟངས་བསྒྱུར་ནས་ཞུ་མཁན་ཤིང་བཙུགས་ཤིང་། ཁྱིམ་གྱི་སྒོ་རར་བུར་ཤིང་བཏབ་ཁར་བྱ་དེའང་གསོས་ཡོད། ལོ་9ཡི་རིང་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད། ད་ཆ་ཞུ་མཁན་འདེབས་འཛུགས་ལས་ཡོང་འབབ་མང་པོ་བྱུང་བ་རེད།
བོད་སྐྱོར་ལས་བྱེད་པ་དང་བློ་བཟང་གི་སྣེ་ཁྲིད་ལ་བརྟེན་ནས་བདེ་ཞིང་གྲོང་ཚོའི་གྲོང་མི་དུད་ཚང་ཀུན་གྱིས་ཞུ་མཁན་འདེབས་འཛུགས་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་རའི་དཔལ་འབྱོར་གོང་འཕེལ་བཏང་ཡོད། ཞུ་མཁན་འདེབས་འཛུགས་ཀྱི་ཐོན་འབོར་མང་དུ་གཏོང་བ་དང་གཞི་ཁྱོན་ཅན་གྱི་དོ་དམ་ལེགས་སུ་གཏོང་ཆེད། བདེ་ཞིང་གྲོང་ཚོས་ད་དུང་ཆེད་མངགས་ལག་རྩལ་མི་སྣ་གདན་དྲངས་ནས་གྲོང་མིར་གསོ་སྦྱོང་བྱས་པ་རེད།
ལས་ཀར་འབད་ན་དཔྱིད་དུས་འཆར་བ་སྔ། ཧུར་ཐག་དོན་གཉེར་དུས་བཟང་མངོན་པར་ཤར། གངས་ལྗོངས་ཡུལ་ལུང་གི་ཞིང་ས་གཤིན་པོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ས་བོན་འབུས་ཏེ་ལོ་ལེགས་འཆར་བའི་བཀྲ་ཤིས་རྟགས་མཚན་རིམ་བཞིན་མངོན།