གཉའ་ནང་རྫོང་འགྲམ་གྲོང་རྡལ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་སུ་གནས་པ་དང་སྨུག་པ་འཁྲིགས་པའི་གྲོག་རོང་ལས་ཤར་པ་བར་སུར་པན་འདེབས་པའི་ཐུན་མོང་མ་ཡིན་པའི་ཁོར་ཡུག་གི་མཐུན་རྐྱེན་བྱུང་བ་དང་། དེ་གའི་མི་ཚང་མར་སུར་པན་འདེབས་པའི་གོམས་གཤིས་ཡོད་པ་རེད།
“ད་ཆ་ལྗང་མདོག་དང་གནོད་མེད་ཀྱི་ཤར་པའི་སུར་པན་རི་གྲོང་ནས་ཐོན་ཏེ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པས། མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་དེ་བས་ཡངས་སུ་ཕྱིན་ཡོད། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་ནི་ངའི་གནོང་འགྱོད་མེད་པའི་གདམ་ག་ཡིན”ཞེས་པ་སངས་བསྟན་འཛིན་གྱིས་བརྗོད་ཅིང་། ཁོང་ནི་འགྲམ་གྲོང་རྡལ་ཤོལ་པོ་སྒང་གྲོང་ལྷན་ནས་ཡིན་ཞིང་། 2015ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཐོན་པ་དང་ད་ཆ་ཁོང་གི“གཉིས་གཏོད”ལམ་བུ་ཇེ་ཡངས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།
སློབ་ཆེན་ཐོན་རྗེས་པ་སངས་བསྟན་འཛིན་གྱིས་རྒྱལ་ཁབ་ཀྱི“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”ཅེས་པའི་འབོད་སྐུལ་དང་ལེན་ཞུས་ནས་རང་བརྟེན་ལས་གཏོད་ཀྱི་ཕུགས་བསམ་བཅངས་ཏེ། ལྷ་སར་ཤར་པའི་ཁྱད་ཆོས་ལྡན་པའི་ཟ་ཁང་ཞིག་བཙུགས། སྐབས་དེར། མ་དངུལ་མང་པོ་མེད་ཀྱང་པ་སངས་བསྟན་འཛིན་གྱིས་ཕ་ཡུལ་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། ཆེད་མངགས་འགྲམ་གྲོང་རྡལ་ནས་ཟ་ཁང་གི་མ་བྱན་དང་ཞབས་ཞུ་བ་སོགས་ཀྱི་ལས་མི་བསྡུས།
“ལས་གཏོད་ཐད་ངེས་པར་དུ་རང་ངོས་ཀྱི་ངེས་གནས་ཡང་དག་འཚོལ་དགོས་པ་དང་རང་ངོས་ཀྱི་ཁྱད་ཆོས་དང་དགའ་ཕྱོགས་ནས་འགོ་བཙུགས་ཏེ། འཁོས་དཔག་ལས་སྒྲུབ་དང་། རྩ་བར་གཞི་ཚུགས་པ། ཉམས་མྱོང་གསོག་འཇོག་བཅས་བྱེད་པ་དང་ཆབས་ཅིག ལས་གཏོད་ཀྱི་འབྲེལ་ཡོད་སྲིད་ཇུས་དེ་བས་མང་པོ་ཤེས་རྟོགས་དང་། ཁྲོམ་རའི་འཕེལ་ཕྱོགས་དང་བསྟུན་ཐུབ་པ། འཕེལ་རྒྱས་འགྲོ་ཚུལ་གསལ་པོར་མཐོང་ཐུབ་པ་བཅས་བྱེད་དགོས”ཞེས་པ་སངས་བསྟན་འཛིན་གྱིས་བཤད། ལས་གཏོད་ཀྱི་མྱོང་ཚོར་སྐོར་གླེང་སྐབས། ལོ་ན་གཞོན་པའི་པ་སངས་བསྟན་འཛིན་ལ་ཚོར་སྣང་ཟབ་མོ་ཡོད། ལས་གཏོད་ཐོག་མར་བྱེད་སྐབས་ཁོང་ལ་ཉམས་མྱོང་མི་འདང་བ་དང་། མ་དངུལ་མཉམ་འདྲེས་དཀའ་བ། གྲ་སྒྲིག་མི་འདང་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད།
2018ལོར་ཕ་ཡུལ་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཁྲོད་གྲུབ་འབྲས་ཆེན་པོ་ཐོབ་པ་མཐོང་བས་གྲོང་གསེབ་དར་རྒྱས་ཀྱི་འཕེལ་རྒྱས་དུས་བབ་ཆེན་པོར་དམིགས་ནས་པ་སངས་བསྟན་འཛིན་གྱིས་བློ་ཐག་ཆོད་པོས་ཟ་ཁང་སྒོ་བརྒྱབ་སྟེ། ཕ་ཡུལ་འགྲམ་གྲོང་རྡལ་དུ་ལོག་ནས་ལས་གཏོད་ལམ་བུ་གཉིས་པ་དོན་གཉེར་བྱེད་འགོ་ཚུགས།
གཉའ་ནང་རྫོང་དང་འགྲམ་གྲོང་རྡལ་གྱི་རིམ་གཉིས་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁྲིད་སྟོན་འོག 2018ལོའི་ཟླ་6པར་པ་སངས་བསྟན་འཛིན་གྱིས་ས་ཆ་དེ་གའི་གྲོང་མི་ལྷག་པ་འཕྲིན་ལས་དང་མཉམ་དུ་སུར་པན་བཟོ་གྲྭ་ཞིག་བཙུགས་པ་མ་ཟད། ཤར་པའི་སུར་པན་ཞེས་པའི་ཁྱད་ལྡན་སྤུས་རྟགས་ཀྱང་བཏོད།
བཟོ་གྲྭ་བཙུགས་པའི་ཐོག་མའི་དུས་སུ་པ་སངས་བསྟན་འཛིན་གྱིས་དཀའ་སྤྱད་དང་ཁྲོམ་ར་གསར་སྤེལ་བྱེད་མཁས་པའི་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་སུར་པན་རླངས་འཁོར་གང་འཁྱེར་ཏེ་ཉེ་འཁོར་གྱི་རྫོང་ཁག་ཏུ་བྲིན་ཚོང་ཁྱབ་གདལ་གཏོང་བར་བསྐྱོད་པ་དང་ཆབས་ཅིག ཉེ་འགྲམ་གྲོགས་པོ་དང་སློབ་གྲོགས་ཀྱི་སྐད་འཕྲིན་དང་QQསོགས་ཀྱི་ལས་སྟེགས་བརྒྱུད་སུར་པན་སོགས་ཀྱི་ཐོན་རྫས་བཙོངས་ནས་མངག་ཐོ་ཁག་དང་པོ་དེ་རག་ཅིང་། དྲ་ཕྱི་དང་དྲ་ཐོག་ནས་ཚོང་གཉེར་བྱས་པར་བརྟེན་ད་ཆ་སུར་པན་བཟོ་གྲྭའི་ཐོན་རྫས་ལྗོངས་ཕྱི་ནང་གི་ཁྲོམ་རར་ཁྱབ་པ་དང་རྒྱ་ཆེའི་འཛད་སྤྱོད་པས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
ལས་གཏོད་བྱས་ཚུན། ཕ་ཡུལ་མང་ཚོགས་ལ་ཕན་བདེ་བསྐྲུན་རྒྱུ་ནི་པ་སངས་བསྟན་འཛིན་གྱི་འགྱུར་བ་མེད་པའི་དོན་གཉེར་དང་འགན་འཁྲི་ཞིག་ཏུ་བརྩི་ཡི་ཡོད། སུར་པན་བཟོ་གྲྭས་ས་གནས་དེ་གའི་མང་ཚོགས་11རང་ས་རང་ཡུལ་ནས་མི་བྲལ་བར་ལས་ཞུགས་བརྟན་པོ་ཐུབ་པར་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་མི་2དང་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མ་2ཚུད་ཡོད་པ་རེད།
ལས་གཏོད་ནི་ནམ་ཡང་མཇུག་འགྲིལ་རྒྱུ་མེད་ལ་གསར་གཏོད་ནི་དེ་བས་མཐའ་མེད་པ་ཞིག་རེད། པ་སངས་བསྟན་འཛིན་གྱིས་གསར་འགོད་པར། གོམ་སྟབས་རྗེས་མར་ཁོང་གིས་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གསར་གཏོད་ལས་གཏོད་ཀྱི་དཔེ་སྟོན་མི་སྣ་དང་། གྲོང་གསེབ་ཀྱི་ཡངས་པའི་ས་གཞིའི་གསར་སྦོལ་མཁན། མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་བྱེད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།