དབུ་ཤོག>ཞིང་འབྲོག་གསར་པ།
  • དྲོད་ཁང་གཉེར་ནས་ལས་གཏོད་ཕུགས་འདུན་སྒྲུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-26

    ཉིན་ལྟར་ཞོགས་པ་ཆུ་ཚོད་དྲུག་པ་ཙམ་ལ། ཆུ་གསུམ་རྫོང་ཤོག་བྱང་ཤང་གི་དྲོད་ཁང་ཆེ་མོར་ལྷ་ས་གོང་གསར་ཞིང་ལས་ཐོན་ཁུངས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ཚེ་རིང་བསམ་གྲུབ་ཀྱིས་ལས་མི་ཚོ་དང་མཉམ་དུ་ཉིན་དེར་ཁྲོམ་རར་འདོན་རྒྱུའི་པད་ཚལ་ཆེ་བ་དང་། ཆུང་བ། ཧོང་ཀྭ ཀྲོ་མ་ཀྲུ་སོགས་སྔོ་ཚལ་སོས་པ་འཐུ་བར་འགྲོ་དགོས་ཀྱི་ཡོད།

    “དྲོད་ཁང་ཆེ་མོའི་སྔོ་ཚལ་དག་གི་སྐྱེ་ལྡན་སྔོ་ཚལ་ཡིན། ང་ཚོས་ཁྱིམ་ལུད་སྤྱོད་པ་ལས་ཞིང་སྨན་བེད་སྤྱོད་གཏོང་གི་མེད”ཅེས་ཚེ་རིང་བསམ་གྲུབ་ཀྱིས་གསར་འགོད་པར་བཤད་བྱུང་། ཁོང་གིས“ད་ཆ་མི་རྣམས་ཀྱིས་འཚོ་བར་བཏོན་པའི་རེ་བ་ཉིན་བཞིན་མཐོ་རུ་འགྲོ་བས། སྤུས་ཚད་མཐོ་བའི་སྔོ་ཚལ་བཏབ་ན་གཞི་ནས་ཁྲོམ་རར་བྲིན་ཁ་རྒྱུག་པོ་འདུག”ཅེས་བཤད།

    2016ལོ་ནས་བཟུང་། ཚེ་རིང་བསམ་གྲུབ་ཀྱིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་རིང་། རང་ཉིད་ཀྱི་ཞིང་ལས་ནགས་ཚལ་གྱི་ཆེད་ལས་ལ་བརྟེན་ནས་འབྲི་ཏ་ས་འཛིན་གསོ་སྟངས་སྦྱངས་པ་མ་ཟད། ལྗོངས་ཕྱིར་སློབ་སྦྱོང་ལ་བསྐྱོད་པ་དང་། ལས་གཏོད་འགྲན་བསྡུར་ནང་ཞུགས་པ། ལྷ་ས་གོང་གསར་ཞིང་ལས་ཐོན་ཁུངས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་སོགས་དང་ཆེད་ལས་ཤེས་བྱ་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས་ལས་གཏོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད།

    2019ལོའི་ཟླ་བཞི་པར་སློབ་གྲྭ་ཐོན་ཉེར་ཡོད་པའི་ཚེ་རིང་བསམ་གྲུབ་ལ་གློ་བུར་དུ་ཕ་ཡུལ་ལ་ལོག་ནས་ལས་གཏོད་བྱ་རྒྱུའི་བསམ་བློ་འཁོར་བ་རེད། ཁོང་གིས“ལས་གཏོད་ཀྱི་རྨང་གཞི་དང་ཆེད་ལས་ཀྱི་ལག་རྩལ་ཡོད་པའི་ཁར་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས། ཁོ་བོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་འཕེལ་རྒྱས་བཏང་སྟེ་སྦྱངས་པ་གོ་ཆོད་དངོས་གནས་ཡོང་བ་བྱས་ན་ཡག་པོ་ཡོང་སྙམ་བྱུང”ཞེས་བཤད།

    ཏང་ཀྲུང་དབྱང་ནས་རང་སྐྱོང་ལྗོངས་བར། ཉེ་བའི་ལོ་ཤས་རིང“གཉིས་གཏོད”ལས་དོན་དང་ལྷག་པར་དུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ལས་དོན་ལ་མཐོང་ཆེན་པོ་གནང་གི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“གཉིས་གཏོད”ལས་དོན་དེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་འདེགས་སྐྱོར་སྲིད་ཇུས་འཐུས་ཚང་དང་ལས་གཏོད་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ། བང་རིམ་མང་ཞིང་རྣམ་པ་སྣ་ཚོགས་ཀྱི་ཕ་ཡུལ་དུ་ཕྱིར་ལོག་བྱས་ནས་ལས་གཏོད་བྱེད་པའི་རྣམ་པ་འཛུགས་མགྱོགས་སུ་བཏང་བས་སློབ་ཆེན་སློབ་མ་སོགས་མི་སྣས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་སྤྲོ་སྣང་ཕྱོགས་ཡོངས་ནས་འཕེལ་ཏེ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གང་མགྱོགས་སྐྱེད་བསྲིང་ཐུབ་ནས་དམངས་འཚོ་ལེགས་གཏོང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་སྒུལ་ནུས་གསར་པ་ཞིག་ཆགས་རྒྱུར་སྐུལ་མ་ཐེབས་ཡོད།

    མཐོ་སློབ་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་མ་དངུལ་ནས་སྒོར་ཁྲི་6.5རྒྱབ་སྐྱོར་བྱས་པ་དང་། སློབ་གྲྭས་སྒོར་ཁྲི་3.5རྒྱབ་སྐྱོར་བྱས་པ། ཆུ་གསུམ་རྫོང་གིས་མ་དངུལ་སྒོར་ཁྲི་35བཏང་ནས་དྲོད་ཁང་ཆེ་མོའི་སྒྲིག་ཆས་སྒྱུར་བཀོད་རིམ་སྤོར་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཕྱིར་སྤེལ་རེས་སློབ་སྦྱོང་སྒྲིག་འཛུགས་བྱས་པ་སོགས་ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས།

    2019ལོའི་ཟླ་ལྔ་པར་ཚེ་རིང་བསམ་གྲུབ་ཀྱིས་དྲོད་ཁང་ཆེ་མོ་13འགན་གཙང་བླངས་ནས་སྔོ་ཚལ་སྣ་ཁ་20ལྷག་དང་བོད་སྨན་གྱི་སྨན་རྒྱུ་སྣ་ཁ་ཁ་ཤས་བཏབ་པ་མ་ཟད། ཁོང་གིས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་5ཡི་མི་12ཚུད་པའི་མི་35དང་ངལ་རྩོལ་ལས་མི་སྤྱོད་པའི་གྲོས་མཐུན་བཞག་པ་རེད།

    2019ལོར་ལས་གཉེར་ལོ་ཕྱེད་ཙམ་བྱས་པའི་དྲོད་ཁང་ཆེ་མོར་ཁེ་སྤོགས་སྒོར་ཁྲི་2ལྷག་བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་ལོར་ཡོང་འབབ་སྒོར་4500ནས་5500བར་བྱུང་ཡོད།

    ལོ་47ལ་སླེབས་པའི་བསོད་ནམས་མཚམས་གཅོད་ནི་ཤག་བྱང་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན། ལོ་འགའི་སྔོན་ཁོང་གི་བཟའ་ཟླ་ནད་ཀྱིས་གྲོངས་པ་དང་། ཕྲུ་གུ་གཉིས་ལ་ལྟ་སྐྱོང་བྱེད་དགོས་པའི་ཁར་ཡོང་འབབ་བརྟན་པོ་མེད་པས་ན་ནིང་ཤང་གི་རོགས་རམ་འོག་ཁོང་གི་ཚེ་རིང་བསམ་གྲུབ་ཀྱི་དྲོད་ཁང་ཆེ་མོར་ལས་ཀ་བྱེད་པར་ཡོང་།

    “འཚོ་བ་ཉིན་བཞིན་ཡག་ཏུ་སོང་བས་ཐུགས་རྗེ་ཆེ”ཞེས་དུས་རྒྱུན་སྐད་ཆ་དེ་ཙམ་མི་ཤོད་པའི་བསོད་ནམས་མཚམས་གཅོད་ཀྱིས་བཤད་ཅིང་། ཁོང་ལ་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་བརྟན་པོ་བྱུང་བའི་སྐོར་ཤོད་རིམ་བཞིན“ཐུགས་རྗེ་ཆེ”ཡང་ཡང་ཞུ་གི་ཡོད།

    ཚེ་རིང་བསམ་གྲུབ་ཀྱིས། སྔོན་མ་ཤང་གི་མི་སེར་གྱིས་རང་ཁྱིམ་གྱི་ཞིང་ཁར་སྔོ་ཚལ་མི་འདེབས་པར་སྤྱིར་བཟའ་རྒྱུ་ཚང་མ་ཕྱི་ནས་ཉོ་ཡི་ཡོད། ད་ཆ་རང་ཁྱིམ་གྱི་སྔོ་ཚལ་དྲོད་ཁང་ཆེ་མོར་སྔོ་ཚལ་བཏབ་པ་ནས་བཟུང་ཡུལ་མི་ཚོའི་སྒྲོག་ཙེའི་སྟེང་གི་ཚལ་སྣ་ཕུན་སུམ་ཚོགས་སུའང་ཕྱིན་ཡོད་ཅེས་བཤད།

    “སྔོ་ཚལ་དེ་དག་གཅིག་ནས་སོས་པ་དགོས་ལ་གཉིས་ནས་གཟུགས་པོར་གནོད་པ་མེད་པ་ནི་འགག་རྩ་ཡིན། ད་དུང་ང་ཚོའི་ལས་མི་ཚོས་ཉིན་ལྟར་དྲོད་ཁང་ནས་སྔོ་ཚལ་སོས་པ་བཏུས་ཏེ་ཁྱིམ་དུ་འཁྱེར་ཆོག་གི་ཡོད”ཅེས་ཚེ་རིང་བསམ་གྲུབ་ཀྱིས་སྤོབས་པ་ཆེན་པོས་གསར་འགོད་པར་བཤད་བྱུང་།

    འདི་ལོ་ཚེ་རིང་བསམ་གྲུབ་ཀྱི་ཀུང་སིར་ལས་མི་40ཟིན་པ་དང་། སྔོན་དཔག་བྱས་ན། ལོར་ཁེ་སྤོགས་སྒོར་ཁྲི་25ལྷག་ཟིན་རྒྱུ་ཡིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལོར་ཡོང་འབབ་སྒོར་བདུན་སྟོང་བརྒྱད་སྟོང་ཟིན་རྒྱུ་རེད།

    “ང་ཚོས་ལས་མི་སྤྱོད་སྐབས་སྔོན་ལ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལྟ་རྟོག་བྱེད་ཀྱི་ཡོད”ཅེས་ཚེ་རིང་བསམ་གྲུབ་ཀྱིས་བྱ་གཞག་འཕེལ་རྒྱས་གཏོང་བའི་རིང་། དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ནང་དོན་གལ་ཆེན་ཞིག་ཏུ་རྩི་བའི་སྐོར་བཤད།

    དེ་དང་ཆབས་ཅིག་ཏུ་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་ཆེད། ཚེ་རིང་བསམ་གྲུབ་ཀྱི་སྔོ་ཚལ་ཐད་གཏོང་ཚོང་ཁང་གིས་འདི་ལོ་ད་དུང་སློབ་ཆེན་ཐོན་པའི་སློབ་མ་2ལ་ལས་ཞུགས་ཐག་གཅོད་བྱས་པ་རེད།

    “ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་ཇུས་དེ་ལྟར་ཡོད་པས་རང་ཉིད་ལ་གོ་སྐབས་བཟང་པོ་བྱུང་། ངས་རང་འགུལ་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་མཉམ་འདྲེས་ཐུབ་པ་བྱས་ནས་རང་སྒེར་གྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པ་དང་སྦྲགས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་རང་ནུས་གང་ལྕོག་གིས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་ཚེ་རིང་བསམ་གྲུབ་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།