དབུ་ཤོག>ཞིང་འབྲོག་གསར་པ།
  • སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་སྣེ་ཁྲིད་ནས་མཉམ་དུ་ཕྱུག་འགྱུར་ལམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-23

    འདི་ལོའི་ལོ་སྟོད་དུ། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཐང་སྐྱ་གྲོང་ཚོ་ནས་སླར་ཡང་གཏམ་བཟང་ཞིག་གྲགས་འོང་བ་སྟེ། 2019ལོར་གྲོང་ཚོ་དེའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་23231.91ཟིན་པ་དེ་རེད།

    2005ལོར། ཐང་སྐྱ་གྲོང་ཚོའི་དུད་ཚང་42ཀྱི་མི་གྲངས་226ལ་དཔལ་འབྱོར་ཡོང་འབབ་ཁྱོན་སྒོར་ཁྲི་248ཟིན་ནས་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་10973ཟིན་ཏེ། ཆབ་མདོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལས་བརྒལ་བའི་སྲིད་འཛིན་གྲོང་ཚོ་དང་པོར་གྱུར་པ་རེད།

    འདི་ལྟ་བུའི་ས་མ་འབྲོག་གི་གྲོང་ཚོ་ཞིག་གི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་1999ལོའི་སྒོར་1000ཡང་ཟིན་གྱི་མེད་པ་ནས་2005ལོའི་སྒོར་10000ལྷག་ཙམ་དང་། ཡང་སྒོར་10000ལྷག་ཙམ་ནས་སྒོར་23000བར་འཕར་བ་ནི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་རེད།

    ཐང་སྐྱ་གྲོང་ཚོའི་གྲོང་མི་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད་པ་སྟེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་བསྟུན་ནས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་དུས་བཀག་ལྟར་འབྲས་དང་། གྲོ་ཞིབ། སྣུམ་སོགས་ཉོས་ནས་གྲོང་མི་ཚོར་སྤྲོད་ཀྱི་ཡོད་པ་དང་། ཐ་ན་བརྙན་འཕྲིན་དང་། གོས་འཁྲུའི་འཕྲུལ་ཆས། འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཀྱང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ཉོས་ནས་སྤྲོད་ཀྱི་ཡོད་པ་རེད།

    འཕོ་འགྱུར་འདི་ལྟ་བུ་ནི་ཇི་ལྟར་བྱས་ནས་བྱུང་བ་རེད་ཅེ་ན།

    སྒོར་ཁྲི་ལོན་མཁན་ཐོག་མ་དེས་གྲོང་ཚོར་སྣེ་ཁྲིད་བྱས་པ།

    གྲོང་ཚོ་མང་ཆེ་བ་དང་འདྲ་བར། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུ་སྐབས་ཀྱི་ཐང་སྐྱ་གྲོང་ཚོ་ཡང་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་མཁན་ཞིག་རེད། ཡིན་ན་ཡང་འཇམ་དབྱངས་ཉི་མས་གྲོང་ཚོ་དེར་འགྱུར་བ་བཏང་བ་རེད།

    ཆུང་དུས་སུ། ཁྱིམ་ཚང་ལ་ངལ་ནུས་མེད་པའི་རྐྱེན་གྱིས་འཇམ་དབྱངས་ཉི་མས་སློབ་ཆུང་ཡང་འགྲིམས་མ་ཚར་བར་སློབ་མཚམས་བཞག་ནས་ཞིང་ལས་གཉེར་མོད། ཡིན་ན་ཡང་དེར་བློ་ཚིམས་ནས་མི་སྡོད་པར་བློ་གཅིག་སེམས་གཅིག་གིས་ཁྱིམ་ཚང་གི་དབུལ་པོའི་རྣམ་པ་སྒྱུར་གང་ཐུབ་བྱས་པ་རེད།

    1983ལོར། འཇམ་དབྱངས་ཉི་མས་ལོ་མང་པོའི་བསགས་དངུལ་དང་ཀུན་ཉེ་གྲོགས་པོའི་ས་ནས་གཡར་བའི་སྒོར་50དང་བུ་ལོན་སྒོར་100གཡར་ནས་འདྲུད་འཐེན་འཁོར་ལོ་གོག་ཏོ་ཞིག་ཉོས་ཏེ་སྐྱེལ་འདྲེན་གྱི་ལས་ལ་ཞུགས།

    འབྲས་དང་། གྲོ་ཞིབ། རྡོ་གསེག ཁྱིམ་ཆས་སོགས་དབོར་བ་བརྒྱུད་ལོ་ཁ་ཤས་ཀྱི་རྗེས་སུ་ལས་ལ་བརྩོན་པའི་འཇམ་དབྱངས་ཉི་མ་ཐང་སྐྱ་གྲོང་ཚོའི“བསགས་དངུལ་སྒོར་ཁྲི་ལོན་མཁན”དང་པོར་གྱུར་བ་རེད། དེ་རྗེས་ཁོང་གིས་སླར་ཡང་བུ་ལོན་སྒོར་10000གཡར་ནས་ཟོག་འདྲེན་རླངས་འཁོར་རྙིང་པ་ཞིག་ཉོས་ཏེ་སྐྱེལ་འདྲེན་གྱི་ལས་ཀ་གཉེར་བ་རེད།

    གྲོང་མི་ཚོས་འཇམ་དབྱངས་ཉི་མའི་འགྱུར་ལྡོག་མཐོང་བས། རྒན་རབས་པ་ཚོས་ཁོང་ལ་གྲོང་ཚོའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་བྱ་རྒྱུའི་རེ་བ་བཏོན་པར་ཁོང་གིས་ཁས་བླངས།

    “ད་ཆ་ཐོབ་པའི་རྒྱུ་ནོར་འདི་དག་ལས་ཁག་ཅིག་ནི་རང་ཉིད་ཀྱིས་དཀའ་སྤྱད་འབད་འཐབ་བྱས་ནས་བྱུང་བ་ཡིན། གལ་ཆེན་ཞིག་ལ་རྒྱལ་ཁབ་ཀྱིས་བུ་ལོན་བཏང་པ་ལས་ང་ལ་འཕེལ་རྒྱས་ཀྱི་གོ་སྐབས་འདི་གཞི་ནས་རག་བྱུང་། ང་གཅིག་པོ་ཕྱུག་པོ་ཆགས་ན་ཕྱུག་འགྱུར་བྱུང་བ་ཚིག་ག་ལ་ཡིན། གྲོང་ཚོ་ཧྲིལ་པོ་མཉམ་དུ་ཕྱུག་པོ་ཆགས་ན་གཞི་ནས་ཕྱུག་འགྱུར་ཐུབ་པ་ཡིན”ཞེས་འཇམ་དབྱངས་ཉི་མས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་དྲན་སྐུལ་བྱེད་ཀྱི་ཡོད་པ་རེད།

    མ་དངུལ་དང་ལག་རྩལ་མེད་ཚེ་ཇི་ལྟར་བྱས་ནས་གྲོང་ཚོ་ཧྲིལ་པོའི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་དམ། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས། ཁོང་གིས་གྲོང་ཚོའི་ནང་གི་སྙིང་སྟོབས་ཅན་གྱི་མི་20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཐུན་མོང་ཐོག་མ་དངུལ་བཏོན་ནས་དགོས་ངེས་ཀྱི་ཡོ་ཆས་དག་ཉོས་པ་རེད།

    དབྱར་ཁར། འཇམ་དབྱངས་ཉི་མས་ཁོང་ཚོའི་སྣེ་ཁྲིད་དེ་མཐའ་འཁོར་གྱི་གྲོང་ཚོ་ཁག་ཏུ་ཁང་པ་རྒྱག་པ་སོགས་ཀྱི་ལས་ཀ་བྱེད་པ་དང་། དགུན་ཁར་ཁོང་ཚོ་སྒྲིག་འཛུགས་ཀྱིས་རྡོ་གཤགས་ནས་རྡོ་ཚོང་རྒྱག་གི་ཡོད་པ་རེད།

    ཁོང་གི་སྙན་གྲགས་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། 1999ལོར། འཇམ་དབྱངས་ཉི་མ་ཐང་སྐྱ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་དུ་བདམས་པ་དང་། ལོ་གཅིག་གི་རྗེས་སུ། ཁོང་འདེམས་ཤོག་ཆ་ཚང་ཐོག་ནས་ཐང་སྐྱ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཐོན་བྱུང་བ་རེད།

    གྲོང་ཚོ་ཧྲིལ་པོ་ཕན་ཚུན་གཅིག་ལ་གཅིག་འགྲན་གྱིས་འབྱོར་འབྲིང་ལམ་དུ་བསྐྱོད་པ།

    གྲོང་ཚོའི་འགོ་ཁྲིད་དུ་བདམས་རྗེས། འཇམ་དབྱངས་ཉི་མས་སོ་སོའི་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཚོར་ནས། རིམ་གྱིས་རང་ཉིད་ཀྱི་ཚོང་བཞག་ནས་གྲོང་ཚོའི“དབུལ་ཕོངས་ཀྱི་ནད་གཞི”གསོ་བཅོས་བྱས་ཏེ“དབུལ་པོའི་རྩ་བ”དྲུངས་ནས་འབྱིན་པའི་སྨན་མཆོག་བཙལ་བ་རེད།

    འཇམ་དབྱངས་ཉི་མའི་སྣེ་ཁྲིད་འོག་ལས་ཀ་བྱེད་མཁན་གཞོན་ནུ་ཁག་དང་པོ་ཕྱུག་པོ་ཆགས་པས་མི་སྔར་བས་མང་པོ་ཞིག་གིས་ཁོང་གི་རྗེས་སུ་བསྙེགས་ནས་ལས་ལ་ཞུགས། 2004ལོར་ཐང་སྐྱ་གྲོང་ཚོའི་ཞིང་འབྲོག་པའི་ཨར་རྒྱག་རུ་ཁག་བཙུགས་འཕྲལ་ཆབ་མདོའི་ཨར་སྐྲུན་ཁྲོམ་ར་ནས་རྫི་ཐང་ཞིང་འབྲོག་ལས་ཕྱོགས་བསྡུས་གསར་སྤེལ་སོགས་རྣམ་གྲངས་མང་པོའི་སྐྲུན་འགན་འཁུར་བ་རེད།

    འཇམ་དབྱངས་ཉི་མའི“དགེ་ཕྲུག”མང་པོའི་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་ལེགས་སུ་ཕྱིན།

    བུ་དགའི་ཁྱིམ་ཚང་གི་འཚོ་བ་སྐྱོ་པོ་ཡོད། ཨར་རྒྱག་རུ་ཁག་ནང་ཞུགས་རྗེས་ལོ་གཅིག་ལ་ཡོང་འབབ་སྒོར་6000ཙམ་རག དེ་རྗེས་ལག་རྩལ་ཟམ་མི་ཆད་པར་བྱང་ཆུབ་ཏུ་སོང་བས་ཁོང་ལ་ལས་གཏོད་ཀྱི་བསམ་བློ་འཁོར། འཇམ་དབྱངས་ཉི་མའི་རྒྱབ་སྐྱོར་འོག་བུ་དགས་2005ལོར་ཨར་སྐྲུན་ཀུང་སི་ཞིག་བཙུགས་ནས་ཐང་སྐྱ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་གསར་པར་གྱུར།

    ཨར་རྒྱག་རུ་ཁག་བཙུགས་ཏེ་ངལ་ནུས་ཁག་གཅིག་ཐག་གཅོད་ཐུབ་རྗེས། འཇམ་དབྱངས་ཉི་མའི་དོ་སྣང་བྱ་ཡུལ་སྐྱེལ་འདྲེན་ལས་རིགས་ཐོག་བཞག་པ་རེད། ཁོང་གི་མཛུབ་ཁྲིད་འོག་ཐང་སྐྱ་གྲོང་ཚོའི་གྲོང་མི་10ལྷག་ཙམ་སྐྱེལ་འདྲེན་ལས་ལ་གཞོལ་བར་ལོར་ཡོང་འབབ་ཉུང་ཤོས་ལའང་སྒོར་ཁྲི་3ཡན་རག་གི་ཡོད། ཕྱག་རྡོར་ཚེ་རིང་ནི་དེའི་གྲས་ཤིག་ཡིན་པ་དང་། སྐྱེལ་འདྲེན་ལས་ལ་གཞོལ་བའི་རིང་ཁོང་གི་མིག་རྒྱང་རིང་དུ་ཕྱིན་པ་རེད། ཕྱིས་སུ་ལུས་པོ་མི་བདེ་བའི་དབང་གིས་ཕྱག་རྡོར་ཚེ་རིང་གིས་སྐྱེལ་འདྲེན་ལས་རིགས་རྒྱུག་མཚམས་བཞག་ནས་གྲོང་ཚོའི་ནང་དུ་ཚོང་ཁང་ཆུང་ཆུང་ཞིག་བཙུགས། ལོ་ཤས་སོང་རྗེས་ཁོང་གིས་རང་ཁྱིམ་དུ་བོད་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་བ་དང་ཚོང་ཡག་པའི་སྐབས་སུ་ཉིན་གཅིག་ལ་སྒོར་600ཡོང་གི་ཡོད་པ་རེད།

    མདུན་སྐྱོད་ཀྱི་གོམ་སྟབས་མཚམས་འཇོག་མྱོང་མེད། འབབ་འཕར་ཡོང་བའི་ཐབས་ལམ་འཇམ་དབྱངས་ཉི་མའི་བསམ་བློར་ཡང་ཡང་འཁོར་གྱི་ཡོད། བཞོན་མའི་གསོ་ཚགས་རྟེན་གཞི་དང་ཚལ་རིགས་འདེབས་འཛུགས་རྟེན་གཞི་འཛུགས་པ་དང་ཆབས་ཅིག དེང་རབས་ཅན་གྱི་སོ་ཕག་བཟོ་གྲྭ་དང་། མཛོད་ཁང་། ཁྱིམ་ཚང་མགྲོན་ཁང་། ལྟོ་སྣོད་འཁྲུད་ཁང་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཅིག་རྗེས་གཉིད་མཐུད་ངང་བཙུགས་པས་གྲོང་མི་ཚོའི་ཡོང་འབབ་མང་དུ་སོང་བ་མ་ཟད། ལོ་ལྟར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལས་བྱུང་བའི་ཡོང་འབབ་ཀྱིས་དངོས་ཟོག་མང་པོ་ཉོ་ཐུབ་ཀྱི་ཡོད་པ་རེད།

    2019ལོར་ཐང་སྐྱ་གྲོང་ཚོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་སྟེ། ཁ་རུབ་ཆུས་ཀྱིས་ཐང་སྐྱ་གྲོང་ཚོ་དམངས་སྲོལ་གྲོང་ཚོར་གཏོད་རྒྱུའི་ཐག་བཅད་པ་རེད། འཇམ་དབྱངས་ཉི་མས་ཁྱིམ་ཚང་རེ་རེ་བཞིན་དུ་བསྐྱོད་དེ་ཤོད་དུ་ཚོང་ཁང་ཡོད་པའི་ཁང་པ་བསྐྲུན་རྒྱུའི་ཁ་ཏ་བྱས། ལོ་59ཡིན་པའི་སྨོན་ལམ་ཆོས་མཚོས་སྒོར་ཁྲི་50གཡར་བའི་སྟེང་རང་ཉིད་ཀྱི་མ་དངུལ་གྲབས་གསོག་བྱས་ཏེ་ཁང་པ་རྒྱས་བསྐྲུན་བྱས་པ་རེད། འདི་ལོའི་ཟླ་3པར་ཁོང་དང་ནང་མི་མཉམ་དུ་སྨི་ངོས་གྲུ་700ཡོད་པའི་ཁང་པ་གསར་པར་སྤོས་པ་རེད། མིག་སྔར་ཁོང་ཁྱིམ་གྱི་ཐོག་སོ་དང་པོའི་ཚོང་ཁང་དག་རིམ་གྱིས་ཁང་གླ་བཏང་བ་དང་སྦྲགས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་རེད།

    གྲོང་མི་ཡོངས་ཀྱིས་ལྗང་མདོག་སྣོད་བཅུད་གྲོང་ཚོ་མཉམ་སྐྲུན་བྱས་པ།

    ཤིང་འཛུགས་ནགས་བཟོ་བྱས་ནས་ལྗང་མདོག་སྣོད་བཅུད་གྲོང་ཚོ་གཏོད་རྒྱུ་ནི་སྔ་ཕྱི་བར་གསུམ་དུ་ཐང་སྐྱ་གྲོང་ཚོའི་གྲོང་མིའི་ལོ་མང་གི་འདུན་པ་ཞིག་རེད། དཔལ་འབྱོར་གྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཁོང་ཚོས་ཤིང་འཛུགས་ནགས་བཟོར་མཐོང་ཆེན་བྱེད་པ་དང་སྦྲགས་གྲོང་ཚོའི་ནུས་ཤུགས་ཚང་མ་གཅིག་ཏུ་བསྒྲིལ་ནས་རི་ལྡེབས་བཅོས་སྒྲིག་བྱེད་འགོ་ཚུགས།

    2015ལོར་ཐང་སྐྱ་གྲོང་ཚོས《ཐང་སྐྱ་གྲོང་ཚོས་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་གྲོང་ཚོ་འཛུགས་གཏོད་བྱེད་པའི་ལས་དོན་ཇུས་གཞི》བཟོས་ནས་སྣོད་བཅུད་འཛུགས་སྐྱོང་བྱེད་འགོ་ཚུགས་པ་རེད། ལོ་དེར་གྲོང་ཚོས་སྒོར་ཁྲི་10བཏང་ནས་གྲོང་ཚོའི་ལྗང་མདོག་ལས་གྲྭ་བཏོད་དེ། སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་གྲོང་ཚོའི་རྣམ་པ་མཛེས་སུ་བཏང་བ་རེད།

    2016ལོའི་ཟླ་བ་གསུམ་པ་ནས་བཟུང་ཐང་སྐྱ་གྲོང་ཚོས་ལོ་ལྟར་གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོ་བྱེད་པ་དང་2016ལོར་ཤིང་འཛུགས་ནགས་བཟོ་བྱས་ནས་ཁོར་ཡུག་སྔོ་འགྱུར་ལས་གྲྭའི་ནང་ཞུགས་མཁན་གྲོང་མི་མི་ཐེངས་500ལྷག་ཙམ་ཟིན་པ་རེད། ཉིན་20ལྷག་ཙམ་རིང་ཐང་སྐྱ་གྲོང་ཚོས་ཁྱོན་ཤིང་རིགས་སྣ་ཚོགས་རྐང་15167བཙུགས་པ་རེད།

    2020ལོར་ཐང་སྐྱ་གྲོང་ཚོས་སླར་ཡང་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་བཏང་བ་དང་གྲོང་ཚོའི་རི་ལྡེབས་ཀྱི་ས་ཆ་སྟོང་པར་སྡོང་ཕྲུག་རྐང་7000བཙུགས་པ་མ་ཟད། གྲོང་ཚོའི་ལམ་རྒྱུད་དུ་སྐལ་བཟང་མེ་ཏོག་མང་པོ་བཏབ་ཡོད།

    སྡོང་ཕྲུག་སྐྱེ་ཚད་མཐོ་རུ་གཏོང་ཆེད་ཐང་སྐྱ་གྲོང་ཚོས་ཆེད་མངགས་སྡོང་ཕྲུག་བདག་སྐྱོང་རུ་ཁག་བཙུགས་ནས་ཤིང་འཛུགས་ཁུལ་དུ་སྐོར་ཞིབ་བདག་སྐྱོང་བྱས་པ་དང་ཆབས་ཅིག་གྲོང་ཚོའི་མཉམ་སྡེབ་མ་དངུལ་ཁྲོད་ནས་སྒོར་ཁྲི་19བཏང་སྟེ། ཆུ་གཏོར་རླངས་འཁོར་ཞིག་ཉོས་ནས་སྔོ་འགྱུར་ལས་དོན་ལ་གཞོགས་འདེགས་བྱས་པ་རེད།

    འཇམ་དབྱངས་ལྷ་མོ་ནི་དོ་དམ་བདག་སྐྱོང་རུ་ཁག་གི་གྲས་ཤིག་ཡིན་པ་དང་། ཉེ་དུས་ཁོང་གི་ལས་འགན་གཙོ་བོ་ནི་སྡོང་ཕྲུག་སྐྱེ་མིན་ལ་ཞིབ་བཤེར་བྱ་རྒྱུ་དང་། སྡོང་ཕྲུག་སྐམ་པོ་དག་བཀོག་ནས་གསར་པ་འཛུགས་རྒྱུ་དེ་ཡིན་པ་རེད།

    “ང་ཚོའི་གྲོང་ཚོར་གློག་དང་སོལ་རླངས་ལོ་མང་པོའི་སྔོན་ནས་སྤྱོད་ཐུབ་ཀྱི་ཡོད་པས། སྔོན་མ་ནས་མེ་ཤིང་གཅོད་དགོས་ཀྱི་མེད། ཆེས་གལ་ཆེ་བ་ཞིག་ནི་ཚང་མར་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་གི་འདུ་ཤེས་ཟབ་མོ་ཡོད་སྟབས། ལོ་རེའི་ཤིང་འཛུགས་ནགས་བཟོའི་དུས་ཚིགས་འཆར་སྐབས་ཚང་མ་འཚང་ཁ་ཤིག་ཤིག་ངང་ཤིང་འཛུགས་ལས་ལ་གཞོལ་གྱི་ཡོད”འཇམ་དབྱངས་ལྷ་མོར་ལྗོན་ཤིང་ལ་གཡོག་བྱེད་བྱས་པར་ལོ་གཅིག་ལ་ཡོང་འབབ་སྒོར་8000ལེན་རྒྱུ་ཡོད་པ་རེད།

    ལོ་ཤས་རིང་ཤིང་འཛུགས་ནགས་བཟོ་ཟམ་མི་ཆད་པར་བྱས་པས་ཐང་སྐྱ་གྲོང་ཚོ་དེ་ཉིད་དེ་སྔའི་ས་རྒོད་ཐང་སྟོང་ནས་ད་ཆ་སྔོ་ཞིང་ལྗང་བའི་ཁུལ་དུ་གྱུར་ཡོད་པ་རེད།

    ཐང་སྐྱ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་གྱང་ཐོག་ཏུ་བཀལ་བའི་གཟི་བརྗིད་གཟེངས་རྟགས་མང་པོ་ལས་གྲོང་མི་ཚོས་ཕྱུག་འགྱུར་འབྱོར་འབྲིང་གི་ལམ་བུའི་ཐོག་ལས་གཏོད་བྱས་པ་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།