འདི་ལོ་ལོ་46ལ་སླེབས་པའི་ཚེ་རིང་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་བར་གྲོང་གྲོང་ཚོའི་གྲོང་གསེབ་སྨན་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པ་མ་ཟད། ཏང་ལོ་20ཡོད་པའི་ཏང་ཡོན་ཞིག་ཀྱང་རེད།
1996ལོར་སྨན་སྒམ་ཁྱེར་ཏེ་སྨན་བཅོས་བྱེད་འགོ་བརྩམས་པ་ནས་བཟུང་། ཁོང་གིས་དོ་དོ་ནན་ནན་དང་ངལ་བ་དང་འཁང་ར་ཁྱད་བསད་བྱས་ཏེ་གྲོང་མི་ཚོའི་གཟུགས་གཞི་བདེ་ཐང་ཆེད་ལེགས་སྐྱེས་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་འཁུར་བའི་ཁོང་གིས་རང་དཔེ་གཞན་སྟོན་བྱས་ཏེ་རྒྱ་ཆེའི་བུད་མེད་སྐུལ་སློང་གིས་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་སྟེ་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར། སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད།
ལོ་73ལ་སླེབས་པའི་དཔལ་ལྡན་ཚེ་རིང་གིས་མྱོང་ཚོར་ཟབ་མོའི་ངང“མི་རིང་བའི་གོང་དུ་ངའི་གློ་ཡུའི་གཉན་ཚད་ལྕི་རུ་ཕྱིན་པས་ཟླ་བ་གཅིག་གི་རིང་ཁོང་གིས་ང་ཚོའི་ཁྱིམ་དུ་ཐེངས་20ལྷག་ཙམ་ཡོང་ནས་ཁྱིམ་ཚང་གཅིག་གི་མི་ལྟར་ང་ལ་ལྟ་རྟོག་བྱས་བྱུང”ཞེས་བཤད།
“ཁྱིམ་ཚང་གཅིག་གི་མི་ལྟར”ཞེས་པ་དེ་བར་གྲོང་གྲོང་ཚོ་དང་ཐ་ན་ཉེ་འགྲམ་གྱི་གྲོང་ཚོའི་མང་ཚོགས་ཚོས་གཅིག་གྱུར་ཐོག་ཚེ་རིང་ལ་གདེང་འཇོག་བྱས་པ་ཞིག་རེད། ཡུལ་མི་སྤུན་ཟླ་སུ་ཞིག་མི་བདེ་བ་བྱུང་ནས་ཁ་པར་བརྒྱབ་ཚེ་ཚེ་རིང་གིས་གློག་སྒུལ་སྦག་སྦག་བཏང་ནས་ནད་ལྟ་བར་ཡོང་གི་ཡོད།
བར་གྲོང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་རྩིས་ཐོ་དང《བསམ་གྲུབ་རྩེ་ཆུས་ཀྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལས་ཀའི་ཟིན་ཐོའི》ནང་ཚེ་རིང་གིས་ནད་པ་ཚང་མའི་སྨན་བཅོས་བརྒྱུད་རིམ་ཟིན་ཐོར་བཀོད་ཡོད། ཚེ་རིང་གིས་ཟླ་རེར་ཆ་སྙོམས་མི་ཐེངས་120ལ་སྨན་བཅོས་བྱས་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་162ཀྱི་མི་གྲངས་873དང་ལྷག་དོན་དུ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དུད་ཚང་10ཡི་མི་གྲངས་44བདེ་ཐང་ཡོང་བའི་འགན་ལེན་ནུས་ལྡན་བྱས་པ་རེད།
འདི་ལོ་ཐོལ་བྱུང་གི་ཏོག་གསར་གློ་ཚད་རིམས་ནད་ཐོན་སྐབས་ཚེ་རིང་གིས་རང་འགུལ་ངང་འགན་ཁུར་ནས་ལས་དོན་འབོར་ཆེན་བསྒྲུབས་ཡོད། བར་སྐབས་ཤིག་རིང་གྲོང་མདོའི་ཞིབ་བཤེར་བྱ་ཡུལ་དང་། ཁྱིམ་དུ་ལོགས་སུ་བཞག་ནས་བརྟག་དཔྱད་བྱ་ཡུལ། སློབ་གྲྭ་ཆེ་མོ་བའི་ཁྱིམ། གཞིས་རྩེ་གྲོང་ཁྱེར་གྱི་གཅིག་སྡུད་ལོགས་སུ་བཞག་ནས་བརྟག་དཔྱད་བྱ་ཡུལ་སོགས་སུ་ཚ་བ་ལྟ་བ་དང་། དུག་སེལ་བྱེད་པ། རིམས་འགོག་བློ་འདྲི་དང་ལེན་བྱེད་པ་སོགས་གང་སར་ཁོང་གི་གཟུགས་བརྙན་མཐོང་རྒྱུ་ཡོད།
ཁོར་ཡུག་གི་གནད་དོན་ནི་གཟུགས་གཞི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པའི་ངོས་ནས་ཚེ་རིང་གིས་གྲོང་ཚོའི་ནང“མཛེས་སྡུག་ལྡན་པའི་སྒོ་ར། གཙང་སྦྲ་དོད་པའི་ཁྱིམ་ཚང”འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་ཞིང་། ཁོང་གི་ཤུགས་རྐྱེན་དང་སྐུལ་སློང་འོག་བར་གྲོང་གྲོང་ཚོའི་རྒྱ་ཆེའི་བུད་མེད་ཚོས་རང་ཁྱིམ་ནས་འགོ་འཛུགས་པ་དང་། ཆུང་ས་ནས་འགོ་འཛུགས་པ། རྒྱུན་གཏན་ནས་འགོ་འཛུགས་པ་བཅས་བྱས་ཏེ“མཛེས་པོ་ལྔ”དང“གཙང་མ་ལྔ”ཡི་ཚད་གཞིར་གཞིགས་ནས་བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཁོར་ཡུག་ལེགས་སུ་གཏོང་མཁན་སྔོན་སྐྱོད་པ་ཞིག་དང་། འཕྲོད་བསྟེན་བདེ་ཐང་གི་སྲུང་སྐྱོང་པ་ཞིག ཤེས་དཔལ་ལྡན་ལ་དར་སྲོལ་བཟང་བའི་སྣེ་ཁྲིད་པ་ཞིག་བཅས་བྱེད་གང་ཐུབ་བྱས་པ་རེད།