འཛམ་གླིང་ཡང་རྩེའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་ནང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་གཞིགས་ནས། བོད་ཀྱིས་ཧེ་བག་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་ཡར་སྐུལ། ལས་ཞུགས་སྔོན་འཇོག བོད་སྐྱོར་རོགས་རམ། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་སོགས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
མིག་སྔའི་བར་ལྗོངས་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཡོད་པ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང(ཆུས)74ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐད་ལོ་4བསྟུད་མར་ཏང་ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་བཟང་བའི”དཔྱད་ཞིབ་གཏན་འཁེལ་བྱས་ཏེ་གངས་ལྗོངས་ས་མཐོར་དབུལ་པོ་སེལ་བའི་སྤྱིར་བཏང་མ་ཡིན་པའི་ལས་དོན་ཞིག་སྤེལ་ཡོད་པ་རེད།
ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱས་ནས་དབུལ་རྩ་དྲུངས་ནས་འབྱིན་པ།
ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་དུད་ཚང་དབུལ་པོ་རྣམ་རྒྱལ་གྱིས་རང་ཁྱིམ་གྱི་ཟོག་འདྲེན་རླངས་འཁོར་ཆུང་གྲས་ལ་ཞིབ་བཤེར་གྱིས་འཇོ་མདའ་ནས་ལྷ་སར་དངོས་ཟོག་སྐྱེལ་བར་བསྐྱོད་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག དངོས་ཟོག་སྐྱེལ་ཐེངས་རེར་ཡོང་འབབ་སྒོར་5000ཙམ་ཡོང་གི་ཡོད་པ་རེད། “ཟླ་བ་གཉིས་ཙམ་ལ་འཇོ་མདའ་ནས་ལྷ་སར་དངོས་ཟོག་ཐེངས་རེ་ཙམ་སྐྱེལ་བར་སྐྱོད་ཐུབ་ཀྱི་འདུག་པས་ལོ་གཅིག་ལ་ཡོང་འབབ་འགྲིག་ཙམ་འདུག དངོས་ཟོག་སྐྱེལ་བར་བསྐྱོད་མི་དགོས་པའི་སྐབས་བ་གླང་གསོ་ཚགས་རྟེན་གཞིར་ལས་ཀར་སྐྱོད་ཀྱི་ཡོད”ཅེས་རྣམ་རྒྱལ་གྱིས་བཤད་པ་དང་ཁོང་གིས་བཤད་པའི་བ་གླང་གསོ་ཚགས་རྟེན་གཞི་དེར་བསྡོམས་མ་དངུལ་སྒོར་ཁྲི་337བཏང་ནས“མཉམ་ལས་ཁང་དང་། རྟེན་གཞི། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་དེ་དུད་ཚང་དབུལ་པོ་16གི་མི་39ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།
བོད་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་དུ་2016ལོ་ཚུན་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་62བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་268བསྐྲུན་ཏེ་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་ཚང་མ་ཁྱབ་ཐུབ་པ་བྱུང་ནས་དུད་ཚང་དབུལ་པོ་ཁྲི་1.9ཡི་མང་ཚོགས་དབུལ་པོ་ཁྲི་9.9སྡོད་ཁང་གསར་པའི་ནང་སྤོ་ཐུབ་པ་བྱུང་ཡོད།
མང་ཚོགས་དབུལ་པོ་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་པ་མ་ཟད་མང་ཚོགས་དབུལ་པོའི་འཚོ་བའི་ཆུ་ཚད་གསར་པ་ཞིག་ཏུ་དེ་བས་སླེབས་ཐུབ་པ་བྱས་པ་རེད།
རྩྭ་ཐང་ཐོག་སྡོད་མཁན་ཕུར་བུ་ཚེ་རིང་གིས་དེ་སྔ་འབྲི་གཡག་གཞི་ཁྱོན་ལྡན་པའི་སྒོ་ནས་གསོ་ཚགས་བྱེད་རྩིས་བྱས་རུང་། མ་དངུལ་མ་འདང་བ་མ་ཟད། གསོ་ཚགས་ཀྱི་ལག་རྩལ་མི་ཤེས་པའི་ཁར་འགྲིམ་འགྲུལ་སྟབས་བདེ་པོ་མེད་པ་བཅས་ཀྱི་གནས་ཚུལ་འཕྲད་ཡོད། ཕུར་བུ་ཚེ་རིང་འབྲོག་རའི་འགྲམ་དུ་སྤོས་ཏེ་ནང་མི་གསུམ་པོ་གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་བ་ནས་ཡོང་འབབ་བརྟན་པོ་ཡོད་པའི་ལས་བཟོ་ཞིག་ཏུ་གྱུར་ཡོད་པ་རེད། ཁོང་དང་བུས་ཕྱུགས་འཚོ་བ་དང་བཟའ་ཟླས་འབྲོག་རར་འོ་མ་བཞོ་བ་སོགས་བྱས་ཏེ་ནང་མི་ཚང་མར་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ཟིན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མི་འབོར་དབུལ་པོ་ཁྲི་62.8ཡོད་པའི་ཁྲོད་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་དབུལ་སྒྲོལ་ཐུབ་མཁན་མི་ཁྲི་26.6ཟིན་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོའི་42.4%བཟུང་ཡོད་པ་རེད། མིག་སྔར་ལྗོངས་ཡོངས་སུ་དབུལ་སྐྱོར་ས་ཚིགས་965ཡི་ཁྲོད་ནས་960ལས་མཇུག་འགྲིལ་ཏེ་རིས་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་193བཏང་བ་དང་མི་ཁྲི་26.3སྤོས་ཟིན་པ་རེད།
ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱིས་འབབ་འཕར་ཡོང་རོགས་བྱས་པ།
“ལས་ཀ་བྱེད་ས་དང་རང་ཁྱིམ་དབར་བར་ཐག་སྤྱི་ལེ་2ལས་མེད་པ་དང་ཟླ་རེར་གླ་ཆ་སྒོར་4000ཡོད་པས་གང་སར་གླ་པ་རྒྱུག་པར་འགྲོ་དགོས་མི་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རྟ་ནག་མདའ་ཤང་གི་ལོ་45ལ་སླེབས་པའི་བསོད་ནམས་ཀྱིས་ཐོན་ལས་དབུལ་སྐྱོར་ཁེ་ལས་ཤིག་ཏུ་ལས་ཀ་བྱས་པས་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད་པ་རེད།
ཁེ་ལས་དེས་ཤ་མོ་ཐུམ་རྒྱག་པ་དང་། བཟའ་བཅའི་ཤ་མོ་ཐོན་སྐྱེད། ཐོན་ལས་ལས་སྣོན། བེད་མེད་ཤ་མོའི་རྒྱུ་ཆ་ལས་སྣོན་སོགས་ཀྱི་རྣམ་གྲངས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་དང་ཉིན་རེར་ཤ་མོའི་རིགས་ཏུན་2ནས་3བར་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད། ཁེ་ལས་ཀྱི་འགན་འཁུར་བ་ཀྲང་ཆི་ཡིས་འདི་ལོ་ཤ་མོ་གསོ་ཁང་42མང་དུ་བཏང་བ་དང་ཐོན་འབོར་སྔོན་རྩིས་ལྟར་ན་ན་ནིང་ལས་ལྡབ་འཕར་ཡོང་རྒྱུ་རེད། ལས་མི་སྤྱོད་ཚད་ཀྱང་མང་དུ་ཕྱིན་ནས་ད་ཆ་བཟོ་པ་127ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་68ཡོད་པར་ཟླ་རེར་གླ་ཆ་སྒོར་3500ནས་6600བར་ཡོད་ཅེས་བཤད།
མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྡོ་དམར་གྲོང་ཚོའི་དུད་ཚང་དབུལ་པོ་མཉམ་ལས་ཁང་ནང་མ་རྐང་འཇོག་འདོད་བྱས་རུང་ཕྱུགས་རིགས་མེད་པས་དེའི་རྐྱེན་གྱིས་རྡོ་དམར་གྲོང་ཚོའི་ཚ་རུ་ཚོགས་ཆུང་གིས་ཏང་ཡོན་དང་དུད་ཚང་ཕྱུག་པོའི་ས་ནས་ཕྱུགས་རིགས་གཡར་བའམ་ཡང་ན་ཞལ་འདེབས་ཕུལ་བའི་རྣམ་པའི་ཐོག་ནས་ཁོང་ཚོས་གནད་དོན་དེ་ཐག་གཅོད་བྱས་པ་རེད། མིག་སྔར་མཉམ་ལས་ཁང་དུ་ཕྱུགས་རིགས་1510ཡོད་པའི་ཁྲོད་དུད་ཚང་དབུལ་པོ་8ཀྱིས་ཕྱུགས་རིགས་362མ་རྐང་ནང་བཞག་པ་དང་ཏང་ཡོན་དུད་ཚང་5དང་དུད་ཚང་ཕྱུག་པོ་1གིས་ཕྱུགས་རིགས་486མ་རྐང་ནང་བཞག་ཡོད་པ་རེད། དུད་ཚང་དབུལ་པོ་ལྷག་པས“ང་ཚོ་ནང་མི་ཡོངས་ཀྱི་ཡོང་འབབ་ཕྱུགས་འཚོ་རྒྱུ་ཁོ་ནར་བརྟེན་དགོས་པ་དང་ད་ཆ་མཉམ་ལས་ཁང་ཡོད་པ་ལས་ཡོང་འབབ་ལྡབ་འཕར་བྱུང་སོང”ཞེས་བཤད།
“དུད་སྦྲེལ་ཕྱུགས་འཚོ་ནི་དབུལ་སྒྲོལ་འགག་སྒྲོལ་དང་འབྲོག་ཁུལ་སྒྱུར་བཅོས་ཀྱི་བློ་ཁོག་ཆེན་པོའི་འཚོལ་ཞིབ་ཅིག་རེད། དེས་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་ནས་ངལ་ནུས་ལ་བཅིངས་འགྲོལ་ཐོབ་ཡོད། ངལ་ནུས་ལྷག་མ་དེ་བས་མང་བ་ཉེ་སའམ་ཡང་ན་ཕྱིར་གླ་པར་བསྐྱོད་དེ་ན་ནིང་རྫོང་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་ཆེས་ཆེར་འཕར་ཡོད”ཅེས་སྒེར་རྩེ་རྫོང་གི་རྫོང་དཔོན་ཀྲོའུ་ཆོན་གྱིས་བཤད།
དེ་དང་འདྲ་བའི་དཔེ་མཚོན་ད་དུང་ཧ་ཅང་མང་པོ་ཡོད། ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་སོགས་ཀྱིས་བློ་ཁོག་ཆེན་པོས་ཁེ་ལས་ནང་འདྲེན་བྱས་ཏེ་ཞིང་འབྲོག་པའི་དངུལ་སྨར་གྱི་ཡོང་འབབ་མང་དུ་བཏང་བ་དང་། གཞིས་རྩེ་དང་། ནག་ཆུ། མངའ་རིས་བཅས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མཉམ་ལས་ཁང་བརྒྱུད་ལས་གནས་དེ་བས་མང་བ་མཁོ་འདོན་བྱས་པ། ཆབ་མདོ་དང་། གཞིས་རྩེ། ལྷོ་ཁ་སོགས་ཀྱིས་སྲིད་གཞུང་དང་། ཨར་ལས་ཚན་པ། གྲོང་ཚོའི་ངལ་ནུས་ཀྱི་དཔལ་འབྱོར་བར་ཁེ་བ། ངལ་ནུས་བཅས“སྣ་མང་གཞི་གཅིག”གི་ལས་ཞུགས་གཞན་སྒྱུར་གྱི་བཀོད་པ་ལེགས་སུ་བཏང་ཡོད་པ་རེད། 2019ལོར་བོད་ཀྱི་ཞིང་འབྲོག་པ་ཁྲི་57.1ལས་ཞུགས་གཞན་སྒྱུར་བྱས་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་34.8ཟིན་ནས་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད་པ་རེད།
བློ་སྐྱོར་དང་རིག་སྐྱོར་ལ་བརྟེན་ནས“དབུལ་སྒྲོལ་ཐད་རང་འགུལ་དུ”འགྱུར་རྒྱུར་ཡར་སྐུལ་བྱས་པ།
སྲི་ཆོས་ཚེ་རིང་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་སྐྱུང་ཚང་ཤང་གི་གྲོང་ཚོ་གཉིས་པའི་གྲོང་མི་ཡིན་པ་དང་དེ་སྔ་ཉིན་ལྟར་ཆང་རག་བཏུང་ནས་རྒྱག་རེས་རྒྱག་མཁན་གྱི་གཞོན་ནུ་རྗེས་ལུས་ཅན་ཞིག་རེད། 2019ལོར་སྲི་ཆོས་ཚེ་རིང“བློ་སྐྱོར་དང་རིག་སྐྱོར”གསོ་སྦྱོང་འཛིན་གྲྭར་ཞུགས་རྗེས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུའི་སེམས་ཐག་བཅད་པ་རེད།
སྐྱུང་ཚང་ཤང་འགུག་རྩེ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་ས་ཚིགས་སུ་སྲི་ཆོས་ཚེ་རིང་གིས་སོ་ཕག་རྒྱག་པའི་རྣམ་གྲངས་ཤིག་འགན་གཙང་བླངས་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ཙམ་བྱུང་ཡོད་པ་རེད། ཁོང་གིས་ད་དུང་དབུལ་སྒྲོལ་གྱི“རྒྱུད་རོགས་ཁྲིད”གསུམ་གྱི་འགན་འཁྲི་ཁུར་ནས་གྲོང་ཚོའི་མང་ཚོགས་དབུལ་པོ་གཞན་རྣམ་གྲངས་ནང་ཞུགས་རྒྱུའི་འབོད་སྐུལ་བྱས་ཏེ་དེ་སྔ་སྟོང་ཟད་དུ་སོང་བའི་དུས་ཚོད་གསབ་ཐུབ་པར་བྱས་པ་རེད།
“ད་ཆ་མང་ཚོགས་ཚོས་དབུལ་སྒྲོལ་བྱ་རྒྱུར་ལས་བྱེད་པ་དང་སྲིད་གཞུང་ཁོ་ནར་མ་བརྟེན་དགོས་པ་མ་ཟད། འགག་རྩ་ནི་རང་ཉིད་ལ་བརྟེན་དགོས་པ་གསལ་པོ་ཤེས་ཀྱི་ཡོད”ཅེས་སྐྱུང་ཚང་ཤང་གྲོང་ཚོ་གཉིས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་རིན་ཆེན་གྱིས་བཤད། སྲི་ཆོས་ཚེ་རིང་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ལས་གྲོལ་བའི་ལག་ལེན་པ་ཞིག་ཡིན། ཁོང་གི་ལས་གཏོད་ཕྱུག་འགྱུར་གྱི་གཏམ་རྒྱུད་ནི་ས་གནས་དེ་གའི་སློབ་གཞི་གསོན་པོ་ཞིག་རེད།
དུད་ཚང་དབུལ་པོ་ཁག་གཅིག“དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ”དུ་གྱུར་ཏེ། དབུལ་ཕོངས་ཀྱི་འཚོ་བར་འགྱུར་ལྡོག་གང་མགྱོགས་བྱུང་ཡོད།
“དེ་སྔ་ཆང་རག་ཁོ་ན་འཐུང་བ་ལས་ལས་ཀ་གང་ཡང་བྱེད་ཀྱི་མེད། ད་ཆ་ཕྱིར་གླ་པར་བསྐྱོད་དགོས་པ་མ་ཟད། ད་དུང་ཚོང་ཁང་ཆུང་ཆུང་ཞིག་ཀྱང་ཡོད་པས་འཚོ་བར་རེ་བས་ཁེངས་སོང”ཞེས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཆུ་འོག་ཤང་ལུང་མོ་ཆེ་གྲོང་ཚོའི་གྲོང་མི་རྒྱ་མཚོས་འགྱུར་ལྡོག་སྐོར་གླེང་སྐབས་རང་གིས་རང་ལ་ཧ་ལས་ཧང་སངས་ཡོད། ཆང་རག་བཏུང་ནས་ལོ་20ལྷག་ཙམ་སོང་བའི་རྒྱ་མཚོ་དེ་སྔ་ལངས་མ་ཐག་ནས་ནམ་ཕྱེད་བར་ཆང་རག་བཏུང་ནས་སྡོད་ཀྱི་ཡོད་པས་གྲོང་ཚོར་སྐད་གྲགས་ཆོད་པའི་ཆང་རྐྱལ་ཞིག་ཡིན།
2016ལོར་རྒྱ་མཚོ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བ་དང་། ཤང་སྲིད་གཞུང་དང་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་མི་སྣས་རྟག་པར་ཁོང་གི་ཁྱིམ་དུ་ཡོང་ནས་བསམ་བློའི་སློབ་གསོ་རྒྱག་གི་ཡོད། “དང་ཐོག་རྒྱ་མཚོས་ང་ཚོའི་ཁ་ལ་མ་ཉན་པར་ཉིན་ལྟར་ཆང་རག་འཐུང་གི་ཡོད། སློབ་གསོ་ཡང་ཡང་བརྒྱབ་པ་བརྒྱུད་མཐར་སློབ་གསོ་ཐེབས་ཐུབ་ཙམ་བྱུང་སོང”ཞེས་ལུང་མོ་ཆེ་གྲོང་ཚོའི་ཨུ་ལྷན་གྱི་ལས་དོན་པས་བཤད།
ད་ཆ་རྒྱ་མཚོ་ནག་ཆུ་དང་མངའ་རིས་སོགས་སུ་གླ་པར་བསྐྱོད་དེ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་རག་གི་ཡོད། 2018ལོར་རྒྱ་མཚོ་ལུང་མོ་ཆེ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་ས་ཚིགས་སུ་སྤོས་ནས་ནང་མི་ཡོངས་དབུལ་སྒྲོལ་ཐུབ་པ་དང་ཞིང་ཕན་ཡིད་རྟོན་དངུལ་བུན་གཡར་ནས་ཞིང་བྲེལ་སྐབས་ཀྱི་སྐྱེལ་འདྲེན་ཐོ་ཕྲུག་ཉོས་པ་དང་ད་དུང་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད།
《རྒྱང་ལྟ》གསར་འགྱུར་གཟའ་འཁོར་དུས་དེབ་ཐོག་སྤེལ་བ་གཞིར་བཟུང་།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣