བྲག་གཡབ་རྫོང་ཐོན་ལས་གླིང་དུ་སྐྱོད་སྐབས་འཁོར་ཁང་ནས་ལྕགས་རིགས་སྣ་ཚོགས་རྡུང་བའི་སྐད་སྒྲ་གསལ་ལ་མི་གསལ་ཐོས་འོངས། གསེར་ཆས་དང་དངུལ་ཆས་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས་དར་མ་ཞིག་གིས་དགེ་ཕྲུག་བཅུ་གྲངས་ལ་དངུལ་ཆས་རྡུང་སྟངས་སྐོར་སློབ་བཞིན་ཡོད་ཅིང་། ཁོང་གིས“སྟག་རིས་དེ་བརྐོས་སྐབས་ཁྱེད་ཀྱིས་ངེས་པར་དུ་གཟབ་ནན་བྱེད་དགོས”ཞེས་བརྗོད་བཞིན་འདུག
སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དེའི་མིང་ལ་བསྟན་པ་རྡོ་རྗེ་ཟེར་ཞིང་། བྲག་གཡབ་རྫོང་རང་གྲུབ་ཤང་སྨད་སྟོད་གྲོང་ཚོ་ནས་ཡིན། ས་གནས་དེ་གའི་གསེར་དངུལ་རྡུང་བཟོའི་ལག་རྩལ་ལོ་ངོ་སྟོང་ལྷག་ཙམ་རྒྱུན་འཛིན་བྱས་པ་མ་ཟད་ཁྱད་ལྡན་གྱི་བཟོ་རྩལ་ཉམས་འགྱུར་ཞིག་ཆགས་ཡོད་པ་རེད། བསྟན་པ་རྡོ་རྗེ་ཆུང་ངུའི་དུས་ནས་ཕ་ཚེ་རིང་ཕུན་ཚོགས་ཀྱི་གསེར་ཆས་དང་དངུལ་ཆས་སྣ་ཚོགས་རྡུང་སྟངས་ལ་ལྟ་རྒྱུར་དགའ་པོ་ཡོད་པས་ད་ཆ་ལག་རྩལ་དེར་བྱང་ཆ་ཆེན་པོ་ལྡན་པར་གྱུར་ཡོད།
ལོ་14ལ་སླེབས་སྐབས་བསྟན་པ་རྡོ་རྗེས་ཕ་ཡི་ས་ནས་གསེར་ཆས་དང་དངུལ་ཆས་བཟོ་རྩལ་སློབ་སྦྱོང་བྱས་ནས་སྨད་སྟོད་ཀྱི་གསེར་དངུལ་རྡུང་བཟོའི་ལག་རྩལ་གྱི་རྒྱུན་འཛིན་པ་མི་རབས་དྲུག་པར་གྱུར་བ་རེད། ད་ཆ་བསྟན་པ་རྡོ་རྗེ་ཆབ་མདོ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས“བྲག་གཡབ་སྨད་སྟོད་ཀྱི་གསེར་དངུལ་རྡུང་བཟོའི་བཟོ་རྩལ”གྱི་རྒྱུན་འཛིན་པ་ཡིན་པ་རེད།
སློབ་ལ་བརྩོན་པའི་བསྟན་པ་རྡོ་རྗེས་ལས་རིགས་གཅིག་པའི་རྒན་རབས་ཚོར་རྟག་ཏུ་བཀའ་འདྲི་ཞུས་ནས་སྲོལ་རྒྱུན་ལག་རྩལ་སློབ་སྦྱོང་བྱེད་པ་ཙམ་མ་ཟད། ད་དུང་ཚོན་མདངས་དང་། བརྐོས་དཀྲོལ། བཟོ་རྩལ་བཅས་ཐད་གསར་གཏོད་དང་ལེགས་བཅོས་ཀྱང་བྱེད་ཀྱི་ཡོད་པ་རེད། ཁོང་གི་ཐོན་རྫས་ལ་ཆབ་མདོ་ས་ཁུལ་དུ་ཀུན་གྱིས་བསྔགས་བརྗོད་ཐོབ་པ་མ་ཟད། རྟག་ཏུ་མཚོ་སྔོན་དང་། སི་ཁྲོན། ཡུན་ནན་སོགས་སུ་ཕྱིར་ཚོང་ཡང་བྱེད་ཀྱི་ཡོད།
བསྟན་པ་རྡོ་རྗེས་བཟོ་རིམ་རྙོག་འཛིང་ཆེ་བའི་གསེར་དངུལ་རྡུང་བཟོའི་ལས་ལ་གཞོལ་ནས་མི་ལོ་36ཙམ་སོང་ཡོད། 2005ལོ་ནས་བཟུང་ཁོང་གིས་དགེ་ཕྲུག་གསོ་སྐྱོང་བྱེད་འགོ་ཚུགས། “དགེ་ཕྲུག་40ལྷག་ཙམ་ཐོན་ཟིན་ཞིང་། དགེ་ཕྲུག་མང་པོ་ཞིག་ལག་རྩལ་ཕུལ་དུ་བྱུང་བའི་བཟོ་པར་གྱུར་བ་དང་། ཁ་ཤས་ཀྱིས་ད་དུང་རང་སོ་སོའི་ལས་དོན་ཁང་ཡང་བཙུགས་ཡོད་པ་རེད”ཅེས་བསྟན་པ་རྡོ་རྗེས་བརྗོད།
ད་ཆ་བསྟན་པ་རྡོ་རྗེའི་ཐོན་ལས་གླིང་གི་འཁོར་ཁང་དུ་དགེ་ཕྲུག་32ཡོད་པའི་ནང་15ནི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་ཡིན་པ་རེད།
བསྟན་པ་རྡོ་རྗེས“དགེ་ཕྲུག་རེར་ཟླ་རེར་གླ་ཆ་སྒོར་3500ཙམ་ཡོད་པ་དང་། སློབ་གྲྭ་ཐོན་རྗེས་མུ་མཐུད་ཁེ་ལས་སུ་བསྡད་ནས་ལས་ཀ་བྱེད་ཆོག་ལ་རང་ཉིད་ཀྱིས་ལས་གཏོད་ཀྱང་བྱེད་ཆོག ལས་སྣོན་ཟིན་པའི་གསེར་ཆས་དང་དངུལ་ཆས་དག་ཀུང་སིས་ཕྱིར་ཚོང་ཐབས་ལམ་འཚོལ་རོགས་བྱེད་ཀྱི་ཡོད”ཅེས་བཤད་པ་དང་། ཁོང་གིས་དབུལ་སྐྱོར་ཐོན་ལས་གླིང་དུ་སྤོས་པ་ནས་བཟུང་ན་གཞོན་མང་པོ་ཞིག་གསེར་ཆས་དང་དངུལ་ཆས་རྡུང་བཟོའི་ནང་ཞུགས་འདོད་ཆེན་པོ་བྱེད་ཀྱི་འདུག ཁོང་ཚོས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བྱས་ནས་ཡོང་འབབ་གསོག་ཐུབ་པ་བྱུང་བ་མ་ཟད། ད་དུང་ཁེ་ལས་ཀྱི་འཕེལ་རྒྱས་མྱུར་དུ་སོང་ཡོད། འདི་ལོ་ཚུན་སྒོར་ཁྲི་100ལྷག་ཙམ་གྱི་མངགས་ཐོ་རག་པ་དེ་ལོ་གོང་མ་ལས་མང་དུ་ཕྱིན་ཡོད་ཅེས་བཤད།
འདི་ལོ་ལོ་25ལ་སླེབས་པའི་ངག་དབང་གནམ་འབྲུག་དང་ཁོང་གི་གཅུང་པོ་བཀྲ་ཤིས་ཀྱིས་བསྟན་པ་རྡོ་རྗེའི་རྗེས་སུ་འབྲངས་ནས་ལག་རྩལ་དེ་སྦྱངས་ནས་ལོ་4ལྷག་ཙམ་སོང་བ་དང་། ད་ལྟ་ཁོང་གཉིས་པོའི་ལག་རྩལ་ཡར་རྒྱས་ཆེན་པོ་བྱུང་ནས་རང་རྐྱ་འཕེར་བའི་ངང་དཀའ་གནད་འབྲིང་ཙམ་གྱི་ཐོན་རྫས་ཁག་གཅིག་བཟོ་ཐུབ་ཀྱི་ཡོད་པས་ན་ནིང་ལོ་ཁོ་ནར་འབབ་འཕར་སྒོར་ཁྲི་6ལྷག་ཙམ་བྱུང་ཡོད།
དུས་རབས་འཕོ་འགྱུར་གྱི་འགྲོས་དང་བསྟུན་ནས་གསེར་ཆས་དང་དངུལ་ཆས་ལག་རྡུང་གི་སྲོལ་རྒྱུན་བཟོ་རྩལ་དེར་འགྲན་སློང་གསར་པ་རབ་དང་རིམ་པ་འཕྲད་བཞིན་ཡོད་པས། ཇི་ལྟར་བྱས་ནས་བཟོ་རྩལ་དེར་ལོ་གཞོན་བཟོ་པ་ཚོས་དགའ་པོ་བྱེད་པ་དང་འཛད་སྤྱོད་པའི་དགའ་བསུ་ཐོབ་པར་བྱེད་པའི་ཐད་བསྟན་པ་རྡོ་རྗེས་བསམ་གཞིག་དང་འཚོལ་ཞིབ་གསར་པ་བྱེད་འགོ་ཚུགས་ཡོད།
བསྟན་པ་རྡོ་རྗེས“གོམ་སྟབས་རྗེས་མར་ངས་དགེ་ཕྲུག་རྣམས་ཕྱིར་སློབ་སྦྱོང་དུ་མང་ཙམ་བཏང་སྟེ་གསེར་ཆས་དང་དངུལ་ཆས་རྡུང་བཟོའི་བཟོ་པ་དེ་བས་མང་བ་དང་སྤེལ་རེས་སློབ་སྦྱོང་བྱ་རྒྱུ་མ་ཟད། དྲ་སྦྲེལ་ལ་བརྟེན་ནས་ང་ཚོས་རྡུང་བའི་ཐོན་རྫས་ཕྱིར་ཚོང་བྱས་ཏེ་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཆབས་ཅིག དུད་ཚང་དབུལ་པོའི་དགེ་ཕྲུག་དེ་བས་མང་བ་བསྡུས་ནས་ཁོང་ཚོས་ལག་རྩལ་སྦྱངས་ཏེ་ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད།