གཉའ་ནང་རྫོང་ནས་ལུང་ཤང་ས་མ་འབྲོག་གི་ཁོངས་སུ་གཏོགས་པ་དང་། སྔར་ནས་ད་བར། འདི་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཚོས་ཞིང་ཁ་འདེབས་པ་དང་ནོར་ལུག་འཚོས་ནས་སྤྱིར་བཏང་གི་འཚོ་བ་སྐྱེལ་བཞིན་ཡོད།
ཟླ་4ཚེས་27ཉིན། གནམ་གཤིས་དྲོ་རེས་གྲང་རེས་ཡིན་པའི་དུས་སུ། གཉའ་ནང་རྫོང་ནས་ལུང་ཤང་བདག་ཆོས་གྲོང་ཚོའི་དུད་ཚང་ཁ་ཤས་ཀྱི་ཞིང་འབྲོག་མང་ཚོགས་ལས་ལ་བྲེལ་འགོ་ཚུགས་ཤིང་། ནས་ཞིང་དུ་ཞིང་འབྲོག་མང་ཚོགས་བཅུ་གྲངས་ཁ་ཤས་བྲེལ་བ་ཆེན་པོས་ཞིང་ཁར་ལུད་རྒྱག་བཞིན་ཡོད་པ་དང་འཕྲུལ་ཆས་ཀྱི་ལྡིར་སྒྲའི་ཁྲོད་དུ་འདྲུད་འཐེན་འཁོར་ལོ་4ཡིས་ལྕགས་གཤོལ་དྲུད་ནས་ས་སློག་རྒྱག་བཞིན་ཡོད་པས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། “དེ་རིང་ང་ཚོས་ནས་ཞིང་དུ་བོད་ཀྱི་གྲོ་མ་འདེབས་རྒྱུ་ཡིན་པས། ཡོང་འབབ་ནས་འདེབས་པ་ལས་མཐོ་བ་ཡོང་ངེས་ཡིན”ཞེས་བདག་ཆོས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མི་འགྱུར་དངོས་གྲུབ་ཀྱིས་བརྗོད་པ་དང་། ལས་བྲེལ་ཆེ་བའི་ཞིང་ནང་དུ་ཁོང་གི་ངོ་གདོང་ཐལ་བས་ཁེངས་རུང་། སྐད་ཆ་ལས་རེ་སྒུག་དང་གདེང་ཚོད་ཆེན་པོ་མཚོན་གྱི་འདུག
མི་འགྱུར་དངོས་གྲུབ་ཀྱིས“ང་ཚོས་བོད་ཀྱི་གྲོ་མ་འདེབས་པ་ནི་སྐབས་འཕྲལ་དུ་བསམ་བློ་འཁོར་བ་ཞིག་མ་ཡིན་པར། དེང་རབས་ཅན་གྱི་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་དང་། ཧྲན་ཏུང་གཡན་ཐའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པར་ཡིད་ཆེས་བྱས་པ་ཞིག་ཡིན”ཞེས་བརྗོད། གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་ཡོད་པ་དང་། བོད་ཀྱི་གྲོ་མ་སྐྱེ་བཟང་ཤོས་ཀྱི་ཡུལ་ཞིག་རེད། ཡིན་ནའང་། ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་ཞན་པས་ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཚན་རིག་དང་མཐུན་པའི་གྲོ་མ་འདེབས་པ་དང་ལས་སྣོན་བྱེད་པའི་ལག་རྩལ་མེད་པས་རི་སྐྱེས་གྲོ་མ་བཏུས་ནས་ཐུམ་སྒྲིལ་སྟབས་བདེ་བྱས་རྗེས་འཚོང་རྒྱུ་ལས་ཐབས་གཞན་མེད་སྟབས་ཡུལ་དེ་གའི་གྲོ་མའི་ཐོན་ཁུངས་ཀྱི་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་ནུས་ལྡན་ཐུབ་མེད།
དབུལ་སྒྲོལ་འགག་སྒྲོལ་བྱེད་པར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་རྩ་བ་རེད། གྲོ་མའི་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པར། དང་ཐོག་ངེས་པར་དུ་མི་ཐབས་ལ་བརྟེན་ནས་གྲོ་མ་འདེབས་པའི་ཚན་རིག་གི་དཀའ་གནད་སེལ་དགོས་ཤིང་། དུས་སྐབས་ཤིག་རིང་། ཇི་ལྟར་བྱས་ནས་མི་ཐབས་ལ་བརྟེན་ནས་གྲོ་མ་འདེབས་རྒྱུ་དེ་ཧྲན་ཏུང་ཞིང་ཆེན་གཡན་ཐའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་སེམས་ཁྲལ་བྱ་ཡུལ་དུ་གྱུར་ཡོད།
ཕྱོགས་ཡོངས་ནས་བརྟག་ཞིབ་ནན་ཏན་དང་ཁྲོམ་རར་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་2017ལོར་གཉའ་ནང་རྫོང་མི་དམངས་སྲིད་གཞུང་དང་ཝུའེ་ཧྥང་ལས་རིགས་སློབ་གླིང་དབར་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་གྲོས་མཐུན་བཞག་པ་དང་། ཕྱོགས་གཉིས་པོས“བོད་ཀྱི་གྲོ་མའི་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་རྣམ་གྲངས”མཉམ་དུ་ལག་ལེན་བསྟར་ནས། ནང་སའི་ཚན་ཞིབ་སྟོབས་ཤུགས་ནང་འདྲེན་དང་དོ་དམ་ཉམས་མྱོང་སྦྱོང་བ་དང་། མི་ཐབས་ལ་བརྟེན་ནས་གྲོ་མ་འདེབས་པའི་འཇུར་མིག་གི་དཀའ་གནད་བསལ་ནས། གྲོ་མ་ཐོན་ལས་ཅན་གྱི་སྒོ་ནས་འདེབས་ཐུབ་པ་བྱས་ཡོད།
དཀའ་བའི་བྲག་དང་མ་ཐུག་ན། བདེ་བའི་སྤང་ལ་སླེབས་མི་ཐུབ། ཉེ་ཆར། ཝུའེ་ཧྥང་ལས་རིགས་སློབ་གླིང་གི་རིགས་གཅིག་མཁས་ཅན་ཚོས་གདམ་གསེས་རགས་ཙམ་བྱས་པ་བརྒྱུད། ཐོན་འབབ་མཐོ་བ་དང་སྤུས་ཀ་ལེགས་པའི་གྲོ་མའི་ཐོན་རྫས་2འདེབས་གསོ་ཐུབ་ནས་ཆ་སྙོམས་མུའུ་རེ་ནས་གྲོ་མ་ཐོན་ཚད་རྒྱ་མ་500ཙམ་ཟིན་པ་དང་གྲོ་མའི་སྤུས་ཀ་ལེགས་ཚད་65%ལྷག་ཙམ་ཟིན་ཡོད།
དེ་རིང་བདག་ཆོས་གྲོང་ཚོའི་གྲོ་མ་འདེབས་ཁུལ་དུ། མི་འགྱུར་དངོས་གྲུབ་དང་ཡུལ་མི་ཚོས་མཉམ་དུ་སྤུས་ལེགས་གྲོ་མ་འདེབས་བཞིན་ཡོད་པ་དང་། མི་འགྱུར་དངོས་གྲུབ་ཀྱིས“ནས་མུའུ་1ནས་འབྲུ་རིགས་རྒྱ་མ་600ཐོན་པ་དང་། རྒྱ་མ་གང་ལ་སྒོར་1.8བྱས་ནས་བཙོངས་ཀྱང་ལོ་གཅིག་ལ་མུའུ་རེར་ཡོང་འབབ་སྒོར་1080ལས་མེད། ད་དུང་དེའི་ནང་རང་ཉིད་ཀྱི་ངལ་ནུས་གླ་ཆ་ཚུད་མེད། 2019ལོར། ཁྲོམ་རའི་ཐོག་གྲོ་མ་རྒྱ་མ་གང་ལ་སྒོར་15ཙམ་བྱེད་ཀྱི་འདུག་པས། གལ་ཏེ་མུའུ་རེ་ནས་གྲོ་མ་རྒྱ་མ་300ཐོན་པར་རྩིས་བརྒྱབ་ན། མུའུ་གཅིག་ནས་ཡོང་འབབ་སྒོར་4500ཙམ་ཡོང་གི་འདུག”ཅེས་ང་ཚོར་རྩིས་ཞིབ་ཕྲ་ཞིག་བརྒྱབ་བྱུང་།
གྲོ་མ་ཁག་དང་པོ་འདེབས་མཁན་ཞིང་འབྲོག་པའི་ཡོང་འབབ་འགན་ལེན་བྱེད་ཆེད། ཁག་གོང་མའི་བོད་སྐྱོར་ལས་བྱེད་པའི་ལས་དོན་མུ་མཐུད་སྒྲུབ་མཁན་ཧྲན་ཏུང་ཞིང་ཆེན་གཡན་ཐའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པས“སྣོད་བཅུད་དང་། ནུས་ཆེ། ཁྱད་ལྡན། སྤུས་ལེགས”བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས། ཝུའེ་ཧྥང་ལས་རིགས་སློབ་གླིང་གི་རིགས་གཅིག་མཁས་ཅན་གྱིས་ལུད་རྒྱག་པ་དང་། སོན་འདེབས་པ། ཆུ་འདྲེན་པ་སོགས་ཀྱི་ལྷུ་ཚིགས་ལ་ཆེད་ལས་ཀྱི་མཛུབ་ཁྲིད་བྱེད་རྒྱུའི་རེ་བ་བཏོན་ཞིང་། ནས་ལུང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཧུའུ་ཧྥུང་གིས“འདི་ལོ། ང་ཚོའི་ཤང་གིས་གྲོ་མ་མུའུ་500འདེབས་རྩིས་ཡོད་པ་དང་། སྔོན་དཔག་ལྟར་ན། མུའུ་རེ་ནས་ཞིང་འབྲོག་མང་ཚོགས་ལ་དངུལ་སྨར་ཡོང་འབབ་སྒོར་3000རག་རྒྱུ་རེད”ཅེས་བཤད་བྱུང་།
གྲོ་མ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། བདག་ཆོས་གྲོང་ཚོ་ཙམ་མ་ཟད། ཐ་ན་ནས་ལུང་ཤང་གི་འཕེལ་རྒྱས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་པ་དང་། ཚན་རྩལ་གྱི་ཐབས་ལམ་བརྒྱུད། རི་སྐྱེས་གྲོ་མ་ཆུང་ངུ་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་མཆོག་ནོར་དུ་གྱུར་ཡོད། འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་རིང་། ནས་ལུང་ཤང་གིས་གྲོ་མ་འདེབས་ཁྱོན་སྔར་བས་རྒྱ་ཆེར་གཏོང་བ་དང་འབྲེལ། ཞིང་ནང་དུ་གཡོག་བྱེད་ཞིབ་ཚགས་བྱེད་པ་དང་མུའུ་རེའི་ཐོན་རྫས་རིན་ཐང་མཐོ་རུ་གཏོང་བའི་ཐད་ཤུགས་བརྒྱབ་ནས། ས་མཐོའི་གྲོ་མའི་ཐོན་ལས་འདི་ཞིང་འབྲོག་པ་མང་ཚོགས་གནད་སྨིན་དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བའི་ཕན་སྐུལ་ཡོ་ཆས་ནུས་ལྡན་ཞིག་ཏུ་འགྱུར་བ་བྱེད་རྒྱུ་རེད།