འདི་ནི་རྒྱ་ཚ་རྫོང་དྲ་ཐོག་ཚོང་དོན་ལྟེ་གནས་ཀྱི་ལས་དོན་མི་སྣས་སྐམ་པོ་བྱེ་ཐང་གྲོང་ཚོའི་སེའུ་རྟེན་གཞི་ནས་སེའུ་ཉོ་སྒྲུབ་བྱེད་བཞིན་པ།
2017ལོ་ནས་བཟུང་རྒྱ་ཚ་རྫོང་གི་གོང་འོག་ཚང་མས་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་གཉེར་ནས་ཕྱོགས་བསྡུས་དཔེ་སྟོན་རྫོང་བཏོད་པའི་རྣམ་གྲངས་གོ་སྐབས་སུ་འཛིན་ནས། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱེད་པ། ལས་གཏོད་ལས་ཞུགས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་དང་ལམ་བུ་འདེམས་རྒྱུར་བརྩིས་ནས་སྐུལ་འདེད་གཏོང་བཞིན་མཆིས།
སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱས།
“དེ་སྔོན་དྲ་ཐོག་ཚོང་དོན་གྱི་ལས་ཀ་བྱེད་མྱོང་མེད། འོན་ཀྱང་རྒྱ་ཚ་རྫོང་གི་དྲ་ཐོག་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་པའི་ཞིང་འབྲོག་པའི་དྲ་ཐོག་ཚོང་དོན་ཁྱབ་གདལ་གཏོང་བའི་གསོ་སྦྱོང་ནང་ཞུགས་རྗེས། ངས་རྟག་ཏུ་གྲོང་ཚོའི་ཞབས་ཞུའི་ས་ཚིགས་སུ་བསྐྱོད་དེ་ལས་དོན་མི་སྣར་དྲ་ཐོག་ནས་ཚོང་ཟོག་ཉོ་སྒྲུབ་བྱེད་པའི་ཤེས་བྱ་བློ་འདྲི་བྱེད་ཀྱི་ཡོད། ཁོང་ཚོས་སེམས་རྩ་འཁོལ་པོས་ང་ལ་རོགས་རམ་བྱས་བྱུང་། ཉིན་ཤས་གོང་ངས་ཐའོ་པའོ་ནས་བཟའ་ཟླར་ཨུ་མུ་སུའི་སྟོད་གོས་ཤིག་ཉོས་པ་ཡིན”ཞེས་ལོ་40ལྷག་ཙམ་ལ་སླེབས་པའི་རྒྱ་ཚ་རྫོང་སྟེང་གོང་གྲོང་ཚོའི་ཡུལ་མི་ཚེ་བརྟན་སྒྲོལ་དཀར་གྱིས་བརྗོད།
རྒྱ་ཚ་རྫོང་གི་དྲ་ཐོག་ཚོང་དོན་གྱི་གསོ་སྦྱོང་བརྒྱུད་རྫོང་དུ་ཚེ་བརྟན་སྒྲོལ་དཀར་དང་འདྲ་བར་དྲ་ཐོག་ནས་ཉོ་ཚོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་རྒྱ་ཚ་རྫོང་གིས་དྲ་ཐོག་ཚོང་དོན་ཁྱབ་གདལ་གཏོང་བའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་དང་མི་ཐེངས་1743དང་ས་ཚིགས་ཀྱི་འགན་འཁུར་བ་མི་ཐེངས་287ལ་དྲ་ཐོག་ཚོང་དོན་ཁྱབ་གདལ་གཏོང་བའི་གསོ་སྦྱོང་བྱས་ཡོད། དེ་དང་དུས་མཚུངས་ཏང་སྲིད་ཀྱི་ལས་བྱེད་པ་མི་ཐེངས་500ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་མི་ཐེངས་1277གསོ་སྦྱོང་བྱེད་མང་དུ་བཏང་ཡོད། ད་དུང་ཡིག་འབྲུ་ཁྲི་བཅུ་ལྷག་ཙམ་ཡོད་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་དྲ་ཐོག་ཚོང་དོན་གྱི་སློབ་དེབ་བཟོས་ནས་དྲ་ཐོག་ཚོང་དོན་གྱི“སློབ་སྦྱོང་བྱེད་མཁན”རྣམས“ལས་གཏོད་པར”བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད།
ཁྲོམ་ར་འཁོར་སྐྱོད་བྱས་ནས་ཞབས་འདེགས་ཡག་པོ་ཞུས།
“ད་ཆ་སེའུ་བྲིན་ཁ་རྒྱུག་མིན་དེ་གནད་དོན་མིན་པར་དེའི་ཐོན་ཚད་ལ་སེམས་ཁྲལ་ཡོང་གི་འདུག”ཅེས་རྒྱ་ཚ་རྫོང་གླིང་མདའ་ཤང་སྐམ་པོ་བྱེ་ཐང་གྲོང་ཚོའི་ཤིང་འབྲས་ལན་མེ་དང་སེའུ་འདེབས་འཛུགས་རྟེན་གཞིའི་འགན་འཁུར་བ་སྐར་མ་ཤེས་རབ་ཀྱིས་བརྗོད།
སྔོན་ཆད་རྟེན་གཞི་དེ་ནས་ཐོན་པའི་ཤིང་འབྲས་ལན་མེ་དང་སེའུ་ཡི་སྤུས་ཚད་ཡག་པོ་ཡོད་ཀྱང་། ཚོང་ལམ་ཡག་པོ་མེད་རྐྱེན་ཐོན་རྫས་མང་པོ་ཞིག་དྲ་ཕྱིར་འཚོང་དགོས་ཀྱི་ཡོད་པས་ལོ་ལྟར་གྱོང་གུན་ཕོག་གི་ཡོད།
དེ་ལྟ་བུའི་ཞན་ཆ་གསབ་ཐུབ་པ་ནི་རྒྱ་ཚ་རྫོང་གི་དྲ་ཐོག་ཚོང་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་བ་ལས་བྱུང་བ་ཞིག་རེད།
ཉེ་བའི་ལོ་ཤས་རིང་རྒྱ་ཚ་རྫོང་གིས་སྔར་ཡོད་ཀྱི་སྦྲག་ལས་དྲ་ཚུགས་དང་། གྲོང་ཁྲི་ཤང་སྟོང་ས་ཚིགས། དམངས་ཕན་ཞབས་ཞུའི་ས་ཚིགས་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཤང་དང་གྲོང་རྡལ་དང་གྲོང་ཚོའི་དྲ་ཐོག་ཚོང་ཁང་གི་ཟོག་འགྲེམས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བས་ཤང་དང་གྲོང་རྡལ་ལ་ས་ཚིགས་ཁྱབ་ཚད་100%ཟིན་ཡོད།
ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་བྱས་པ་དེས་ཕ་ཡུལ་དུ་ལོག་མཁན་སློབ་ཆེན་ཐོན་པའི་སློབ་མ་ཁག་གཅིག་གི་ཡིད་དབང་བཀུགས་པ་མ་ཟད། བབ་བསྟུན་ལས་ཞུགས་མི་སྣ་དྲ་ཐོག་ཚོང་ཁང་གི་ལས་གཏོད་ནང་ཞུགས་ནས་དྲ་ཐོག་ཚོང་ཁང་གི་སྣེ་ཁྲིད་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད། མིག་སྔར་མི་སྒེར་གྱི་དྲ་ཐོག་ཚོང་ཁང་118དང་ཁེ་ལས་ཀྱི་ཚོང་ཁང་6བཙུགས་ཡོད། 2019ལོར་རྫོང་ཡོངས་ཀྱི་དྲ་ཐོག་ཚོང་ཁང་གིས་ཁེ་ལས་ལ་གཙོ་གནད་རོགས་སྐྱོར་བྱས་པར་དྲ་ཐོག་ནས་ཕྱིར་ཚོང་བྱས་པའི་དངུལ་འབོར་སྒོར་ཁྲི་987.62བྱུང་ཡོད་པ་རེད།
བཀོལ་སྤྱོད་བཟང་སྒྲིག་བྱས་ནས་གསོན་ཤུགས་འཕེལ་བར་བྱས།
ཉེ་བའི་ལོ་ཤས་རིང་རྒྱ་ཚ་རྫོང་གིས་དབུལ་སྐྱོར་ཐོག་བརྩེགས་ཁང་ཆེན་འཛུགས་སྐྲུན་ལ་བརྟེན་ནས་རྫོང་གི་དྲ་ཐོག་ཚོང་ཁང་གི་ཐོན་ལས་གླིང་བཙུགས་ཏེ། གླིང་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཚོང་ཟོག་ཉོ་ཚོང་དང་། ལས་སྟེགས་འཛུགས་སྐྲུན། དངོས་ཟོག་སྡེབ་སྐྱེལ། དྲ་ཐོག་ཚོང་ཁང་གི་ཞབས་ཞུ་སོགས་བྱེད་ནུས་གཞི་གཅིག་ཏུ་འགྱུར་བར་བྱས་ཡོད། མིག་སྔར་གླིང་ཁུལ་དུ་དྲ་ཐོག་ཚོང་ཁང་གི་གཉེར་སྐྱོང་ཁེ་ལས་10བཅའ་སྡོད་བྱས་ཡོད།
“དྲ་ཐོག་དང་དྲ་ཕྱིར་ཕྱིར་ཚོང་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་པར། ཕྱིར་ཚོང་དུད་ཚང་དབུལ་པོའི་སྟར་ཁ་རྒྱ་མ་ཁྲི་1ལྷག་ཙམ་ཐད་ཀར་བཙོངས་ཐུབ་པ་མ་ཟད། 2018ལོ་དང་2019ལོར་གླིང་མདའ་ཤང་ནས་ཐོན་པའི་སེའུ་ཕྱིར་ཚོང་བྱས་ཏེ་སྐམ་པོ་བྱེ་ཐང་གྲོང་ཚོས་ཤིང་འབྲས་ལན་མེ་དྲ་ཐོག་ནས་ཕྱིར་ཚོང་ཐུབ་ཡོད”ཅེས་རྫོང་དྲ་ཐོག་ཚོང་དོན་ཞབས་ཞུའི་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་རེད།
གླིང་ཁུལ་དང་། སྤུས་རྟགས། ཁུངས་འདེད་སོགས་མ་ལག་འཛུགས་སྐྲུན་བརྒྱུད་རྒྱ་ཚ་རྫོང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་གོང་མཐོར་སོང་ནས་ཕྱིར་ཚོང་གི་ཐབས་ལམ་ཡང་སྔར་བས་རྒྱ་ཆེར་ཕྱིན་ཏེ་རྫོང་ཁོངས་ཀྱི་དཔལ་འབྱོར་གསོན་ཤུགས་དེ་བས་འཕེལ་བར་བྱས་ཡོད་པ་རེད།
འདི་ནི་རྒྱ་ཚ་རྫོང་གི་དྲ་ཐོག་ཚོང་དོན་ལྟེ་གནས་ཀྱིས་མ་ནོར་གྲོང་ཚོའི་ཞིང་འབྲོག་པར་དྲ་ཐོག་ཚོང་དོན་ཁྱབ་གདལ་གཏོང་བའི་གསོ་སྦྱོང་བྱེད་བཞིན་པ།