དབུ་ཤོག>ཞིང་འབྲོག་གསར་པ།
  • དུས་རབས་གསར་པའི་བུད་མེད་འབད་འཐབ་པས་། ཕྱུག་འགྱུར་སྣེ་ཁྲིད་ངོ་མཚར་མཛེས་རིས་བཀོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-08

    འདི་ལོ་ལོ་34ལ་སླེབས་པའི་པད་མ་སྒྲོལ་དཀར་ནི་འདམ་གཞུང་རྫོང་པད་མ་སྒྲོལ་དཀར་བུད་མེད་ཞིང་འབྲོག་ཐོན་རྫས་ལས་སྣོན་ཕྱིར་འཚོང་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཡིན་ཞིང་། ས་གནས་དེ་གར་སྐད་གྲགས་ཅུང་ཆོད་པའི་མཉམ་ལས་ཁང་དེས་གཙོ་བོ་ཞིང་འབྲོག་ཐོན་རྫས་ལས་སྣོན་བྱེད་པ་དང་ལས་མི་ཕལ་ཆེ་བ་བུད་མེད་ཤ་སྟག་རེད།

    2010ལོའི་ཟླ་6པར་སློབ་ཆེན་ལོ་རིམ་དང་པོ་འགྲིམ་བཞིན་པའི་པད་མ་སྒྲོལ་དཀར་ཁྱིམ་ཚང་གི་ཚོང་ལས་ལམ་ལྷོངས་མ་བྱུང་བའི་དབང་གིས་བུ་ལོན་མང་པོ་ཟུག་པས། ཁོ་མོ་སློབ་གྲྭ་ནས་དོན་ཏེ་གླ་པ་རྒྱུག་ནས་ཁྱིམ་གྱི་བུ་ལོན་འཇལ་རོགས་མ་བྱེད་ཀ་མེད་བྱུང་། ཆུང་དུས་ནས་ཚོང་རྒྱག་པར་མཁས་པའི་ཁོ་མོས་གླ་པ་རྒྱུག་ཞོར་དུ་ཚོང་བརྒྱབ་ཅིང་། ཉིན་མོ་སྨན་རྫས་ཚོང་ཁང་དུ་ལས་ཀ་བྱེད་པར་བསྐྱོད་པ་དང་མཚན་མོར་གཞིས་རྩེའི་མི་སྣ་འདུ་འཛོམས་ཆེ་སར་བསྲེགས་ཟས་འཚོང་བ་མ་ཟད། ཁོམ་པ་བྱུང་རིམ་བཞིན་ནང་མིར་ལྟ་རྟོག་ཀྱང་བྱས། དེ་ལྟར་ལོ་3རིང་འབད་བརྩོན་བྱས་པ་བརྒྱུད་པད་མ་སྒྲོལ་དཀར་གྱིས་ཁྱོན་ཡོང་འབབ་སྒོར་ཁྲི་24བསགས་པ་རེད། ཡོང་འབབ་གསོག་རིང་ཁོ་མོར་ཞུན་བརྡར་ནན་པོ་ཐེབས་པ་དང་ཆབས་ཅིག མཐོང་རྒྱ་ཡང་དེ་བས་ཆེ་རུ་ཕྱིན་ཡོད།

    2014ལོར། པད་མ་སྒྲོལ་དཀར་དང་སློབ་མཐར་ཕྱིན་པའི་གཅུང་མོ་གཉིས་ཕ་ཡུལ་འདམ་གཞུང་རྫོང་དབུ་མ་ཐང་ཤང་དུ་ལོག་ནས་བོད་ཟས་ཁང་དང་སྒྲོམ་སྟེགས་སྤོ་ལོ་ཁང་ཞིག་བཙུགས་པ་རེད། ཁྱིམ་གྱི་བུ་ལོན་མགྱོགས་མྱུར་འཇལ་ཆེད་ཁོ་མོས་བོད་སྨན་སྨན་རྩྭའི་ཚོང་ཡང་བརྒྱབ་པ་རེད། ལོ་གཉིས་རིང་འབད་བརྩོན་བྱས་པ་བརྒྱུད་ཁོ་མོས་ཁྱིམ་གྱི་བུ་ལོན་ཚང་མ་འཇལ་ཚར་བ་མ་ཟད། ད་དུང་ཁེ་བཟང་མི་ཉུང་བ་ཞིག་ཀྱང་རག་ཡོད།

    རང་ཉིད་ལ་ཡོང་འབབ་མི་ཉུང་བ་ཞིག་བྱུང་ཡང་། ཡུལ་མི་ཚོའི་འཚོ་བ་སྔར་བཞིན་སྐྱོ་པོ་ཡིན་པས་པད་མ་སྒྲོལ་དཀར་ལ་སེམས་ཁྲལ་ཆེན་པོ་སྐྱེས། ཉེ་བའི་ལོ་10རིང་འབད་བརྩོན་བྱས་པ་བརྒྱུད། ན་ཚོད་མཉམ་པ་དང་འཚར་ལོངས་ཀྱི་མྱོང་བ་མི་འདྲ་བའི་ཁོ་མོར་བུད་མེད་ཚོ་སྣེ་ཁྲིད་དེ་མཉམ་དུ་ལས་གཏོད་ཕྱུག་འགྱུར་བྱ་རྒྱུའི་བསམ་ཚུལ་ཞིག་བྱུང་བ་རེད། 2018ལོའི་ཟླ་4པར་པད་མ་སྒྲོལ་དཀར་གྱིས་པད་མ་སྒྲོལ་དཀར་བུད་མེད་ཞིང་འབྲོག་ཐོན་རྫས་ལས་སྣོན་ཕྱིར་ཚོང་ཆེད་ལས་མཉམ་ལས་ཁང་བཙུགས་པའི་ཁར། ཟླ་བོ་མེད་པའི་བུད་མེད་དང་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ཚུད་པའི་དབུལ་པོའི་དུད་ཚང་ངལ་ནུས་མི་གྲངས་30སྒྲིག་འཛུགས་བྱས་ཏེ། ཨ་མདོ་རྫོང་ནས་འོ་མ་ཉོས་ཏེ་དཀར་ཆུའི་ཐོན་རྫས་བཟོས་ནས་ལྷ་ས་གྲོང་ཁྱེར་དུ་ཚོང་འགོ་བཙུགས་པ་དང་། ཤང་དུ་ཁྱིམ་ཚང་མགྲོན་ཁང་བཙུགས་པ། རྫོང་གྲོང་དུ་མགྲོན་ཁང་དང་ཟ་ཁང་བཙུགས་ཡོད། 2019ལོར་མཉམ་ལས་ཁང་གི་ཁོངས་མི་དང་ཤང་གི་དབུལ་པོའི་དུད་ཚང་ལ་གླ་ཕོགས་དང་འཚམས་འདྲིའི་དངུལ་སྒོར་ཁྲི་50ལྷག་ཙམ་སྤྲད་པ་རེད།

    “ཏང་དང་སྲིད་གཞུང་གིས་ལས་གཏོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”བཅར་འདྲི་བྱེད་རིང་པད་མ་སྒྲོལ་དཀར་གྱིས་རང་ཉིད་ཀྱིས་ལས་གཏོད་བྱས་པའི་ཉམས་མྱོང་སྐོར་གླེང་སྐབས། མ་དངུལ་གྱི་རྒྱབ་སྐྱོར་གནང་བ་ཕུད་ལྷ་ས་གྲོང་ཁྱེར་དང་འདམ་གཞུང་རྫོང་གིས་རང་ཉིད་ལ་ལག་རྩལ་གསོ་སྦྱོང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱུང་། ལོ་གཉིས་རིང་པད་མ་སྒྲོལ་དཀར་སྔ་རྗེས་སུ་གུང་གཞོན་སྡེ་ཚོགས་འདམ་གཞུང་རྫོང་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་ལྷ་སའི་ངལ་རྩོལ་ནུས་ཤུགས་ལས་གཏོད་གསོ་སྦྱོང་འཛིན་གྲྭ་དང་ཅང་སུའུ་ལེན་ཡུན་ཀང་གི་སློབ་སྦྱོང་གསོ་སྦྱོང་འཛིན་གྲྭར་ཞུགས་པས་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད་ཤེས་རྒྱ་ཡང་འཕེལ་ཡོད།

    ཕྱུག་འགྱུར་སྣེ་ཁྲིད་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། པད་མ་སྒྲོལ་དཀར་ད་དུང་གྲོང་ཚོས་སྒྲིག་འཛུགས་བྱས་པའི“བུད་མེད་མཚན་སློབ”ལ་ཧུར་ཐག་ཞུགས་ནས་གྲོང་ཚོའི་ལས་གཏོད་བྱེད་མཁན་ཚོར་རང་ཉིད་ཀྱི་ལས་གཏོད་མྱོང་བ་དང་གསོ་སྦྱོང་སྣ་ཚོགས་ལ་ཞུགས་རྗེས་ཀྱི་ཉམས་མྱོང་ལོངས་སྤྱོད་བྱས་པར་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད།

    “ད་ཆ་ཡུལ་མི་ཚང་མ་དབུལ་སྒྲོལ་ཐུབ་སོང་། ངའི་ཕུགས་འདུན་ནི་མང་ཚོགས་རྣམས་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་དེ་ཡིན”པད་མ་སྒྲོལ་དཀར་གྱིས་ཁོ་མོའི་བྱ་སྤྱོད་དངོས་ལ་བརྟེན་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།