དབུ་ཤོག>ཞིང་འབྲོག་གསར་པ།
  • དབུལ་སྒྲོལ་གྱི་ཐབས་ཤེས་ཡོད་པ་དང་། ཕྱུག་འགྱུར་གྱི་ལམ་བུ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-05

    “དེ་སྔ་སྟོན་དུས་ལོ་ཏོག་བརྔ་སྐབས་ཉེ་འཁོར་གྲོང་ཚོར་བརྔ་བསྡུའི་འཕྲུལ་འཁོར་གཡར་བར་འགྲོ་དགོས་པ་དང་། གཡར་མ་ཐུབ་ན་རང་ཉིད་ཀྱིས་ཐབས་ཤེས་གཏོང་དགོས་ཀྱི་ཡོད། ད་ཆ་གྲོང་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་40བརྩོན་ལེན་བྱས་ནས་ང་ཚོའི་གྲོང་ཚོར་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་གཉིས་ཉོས་བྱུང་བས། ང་རང་དགའ་ཚོར་ཆེན་པོ་བྱུང”ཞེས་ལྷ་དབང་རྩེ་གྲོང་ཚོའི་ཡུལ་མི་ཕུན་ཚོགས་ཀྱིས་དགའ་ཚོར་ཆེན་པོའི་ངང་བརྗོད།

    བཞད་མཐོང་སྨོན་རྫོང་ལྷ་དབང་རྩེ་གྲོང་ཚོར་བཅའ་སྡོད་ལྗོངས་གུང་གཞོན་སྡེ་ཚོགས་ལས་དོན་རུ་ཁག་གྲོང་ཚོ་དེར་བཅའ་སྡོད་བྱས་པ་ནས་བཟུང་། དབུལ་སྐྱོར་སྲིད་ཇུས་སྒྲོག་འགྲེལ་རྒྱ་ཁྱབ་བྱེད་པ་དང་། མང་ཚོགས་དབུལ་པོར“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་འདོར་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས། མང་ཚོགས་ཚོས“ཕན་པ་གང་ནས་བྱུང་བ་དང་། ཕན་པ་སུ་ལ་ཐོབ་པ”གསལ་པོ་ཤེས་པ་བྱས་པ་དང་ཆབས་ཅིག རང་ངོས་འཕེལ་རྒྱས་དང་རང་ངོས་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཡོད་པ་རེད། དེ་དང་དུས་མཚུངས། ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་ལ་དམ་འཛིན་ཧུར་ཐག་བྱེད་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་ནས་ལྷ་དབང་རྩེ་གྲོང་ཚོའི་སྒོམ་ཆུང་ཆུ་ཚན་དང་། ངལ་ནུས་ཕྱིར་གཏོང་། སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་བཅས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་3སྔ་རྗེས་སུ་བཙུགས་པ་དང་སྦྲགས། “གྲོང་ཚོ‘ཨུ་ལྷན་གཉིས’དང། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱ་ཐབས་སྤྱད་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་ནང་ཞུགས་ནས་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བགོ་བཤའ་ཐོབ་པའི་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྒོམ་ཆུང་ཆུ་ཚན་སྤྲོ་གསེང་ཞིང་པའི་མཉམ་ལས་ཁང་གི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་དེ་2017ལོའི་སྒོར་3000ནས་སྒོར་ཁྲི་6བར་འཕར་བ་དང་། ཧྲེ་ཡོན་རེར་ཁེ་སྤོགས་སྒོར་13ནས་སྒོར་230བར་མང་དུ་ཕྱིན་ཡོད། 2019ལོར། ངལ་ནུས་ཕྱིར་གཏོང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་གླ་ཆའི་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི་24.5སྤྲད་པ་རེད། དེ་དང་ཆབས་ཅིག ལྷ་དབང་རྩེ་གྲོང་ཚོའི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་10.16བྱུང་ནས་དུད་ཚང་དབུལ་པོའི་ཧྲེ་ཡོན་29ལ་ཕན་པ་ཐོབ་པ་རེད།

    ལས་དོན་རུ་ཁག་གིས་ལྷ་དབང་རྩེ་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་ཡོད་མཁན་གཞོན་ནུ་དང་དར་མ་མང་བ་དང་། ཕྱིར་གླ་པ་རྒྱུག་མཁན་མང་བ། སྤྱིར་བཏང་གི་ངལ་རྩོལ་བྱེད་མཁན་མང་བ། ལག་རྩལ་དང་རྩལ་ནུས་མེད་པས་ངལ་ནུས་ཡོང་འབབ་ཉུང་བ་སོགས་ཀྱི་སྣང་ཚུལ་ལ་དམིགས་ཏེ། ལས་ཞུགས་རྩལ་ནུས་གསོ་སྦྱོང་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ནས་གཞོན་ནུ་དབུལ་པོས་ལག་རྩལ་སྣེ་གཅིག་ཤེས་ཐུབ་རྒྱུར་རོགས་རམ་བྱས་ཤིང་། ལོ་གཅིག་རིང་། གསོ་སྦྱོང་མ་དངུལ་སྒོར་ཁྲི་23.5དོན་འཁྱོལ་བྱས་ཏེ་གྲོང་ཚོའི་ཞིང་འབྲོག་པའི་གཞོན་ནུ་དང་དར་མར་བོད་བཟོའི་ཚོན་གཏོང་བའི་ལག་རྩལ་དང་ཁ་ལོ་བའི་ལག་རྩལ་གསོ་སྦྱོང་བྱས་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་གིས་ཐོན་ཁུངས་ཁག་བསྡུ་སྒྲིལ་བྱས་ཏེ་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་པ་དང་། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཕྱུག་འགྱུར་ཡོང་བ་བྱས་ནས་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཅིང་། ལོ་གཅིག་རིང་། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་མ་དངུལ་སྒོར་ཁྲི་117.19དོན་འཁྱོལ་བྱས་པ་དང་། དེའི་ནང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་2ཞལ་འདེབས་བརྒྱབ་པ་དང་། རྨང་བརྟན་དམངས་ཕན་གྱི་རྣམ་གྲངས་2དོན་འཁྱོལ་བྱས་པ། “སྐེ་དར་དམར་པོའི་དཔེ་དེབ་ཁང”1བསྐྲུན་པ། གཞོན་ནུའི་ལས་གཏོད་རྣམ་གྲངས་1ལ་རོགས་དངུལ་སྤྲད་པ། ཆུ་འགོ་སྲུང་སྐྱོང་དང་། གཅེས་སེམས་སློབ་སྐྱོར། ཆ་སྒྲིག་གཉེན་འཚོལ་སོགས་ཀྱི་དམངས་ཕན་ཞབས་ཞུའི་ལས་དོན་ཁག་སྤེལ་བ་དང་སྦྲགས། སློབ་ཆུང་སློབ་མ་16དང་ཕུལ་བྱུང་གཞོན་ནུ་15ལྗོངས་ཕྱི་ནང་དུ་རྟོག་ཞིབ་དང་། སློབ་སྦྱོང་། སྤེལ་རེས་བཅས་བྱེད་པར་མངགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།