དབུ་ཤོག>ཞིང་འབྲོག་གསར་པ།
  • གཡུ་ལུང་གྲོང་ཚོའི་ཆུང་སྐྱིད་ཀྱིས་ལྷ་སར་ལས་གཏོད་བྱས་པའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-17

    ཆུང་སྐྱིད་ནི་སྣ་དཀར་རྩེ་རྫོང་མངར་བྲག་ཤང་གཡུ་ལུང་གྲོང་ཚོ་ནས་ཡིན་པ་དང་། ཁྱིམ་དུ་གཅེན་གཅུང་བདུན་ཡོད་ཅིང་ཁོང་ཨང་བཞི་པ་དེ་ཡིན། 2000ལོར་ཆུང་སྐྱིད་ལྷ་སར་བསྐྱོད་དེ་སྤུན་མཆེད་ཀྱི་སར་བུ་རྫི་བྱས་ནས་བསྡད། དེའི་རིང་ཆུང་སྐྱིད་ཀྱི་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད་བསམ་བློར་ཡང་འགྱུར་ལྡོག་ཆེན་པོ་བྱུང་སྟེ་རང་ཉིད་ཀྱིས་དཀའ་སྤྱད་འབད་འཐབ་བྱས་ཏེ་ངེས་པར་དུ་ལྷ་སར་གཞི་འཛུགས་རྒྱུའི་བློ་སྐྱེད་བྱུང་ཡོད། མངར་བྲག་ཤང་ནི་ཉེ་རིང་གང་སར་སྐད་གྲགས་ཆེ་བའི་འཚེམ་བཟོའི་ཕ་ཡུལ་ཡིན་པ་དང་། དེ་ག་ནས་གུར་དང་། སྒོ་ཡོལ། ཁྲ་ཡོལ་སོགས་ཀྱི་ལག་ཤེས་ཐོན་རྫས་འཚེམ་གྱི་ཡོད། ལྷ་སར་མངར་བྲག་ཤང་ནས་ཡིན་པའི་འཚེམ་བཟོ་བ་མང་པོ་ཞིག་གིས་ལག་རྩལ་དེ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། ལོ་གཅིག་ལྷག་ཙམ་བུ་རྫི་བྱས་རྗེས་ཆུང་སྐྱིད་ཀྱིས་ཡོང་འབབ་མང་ཙམ་ཡོང་ཆེད་བུ་རྫིའི་ལས་ཀ་བཞག་ནས་ཕ་ཡུལ་གཅིག་པའི་མི་ཞིག་གི་སར་སོང་ནས་ལོ་གསུམ་ཏག་ཏག་འཚེམ་བཟོའི་ལག་རྩལ་སྦྱངས། ཐོན་རྫས་དེ་བས་མང་བ་བྲིན་པོ་ཡོང་ཆེད་ཆུང་སྐྱིད་དང་ཕ་ཡུལ་གཅིག་པའི་མི་ཞིག་གིས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་གཉེར་བའི་ཡུལ་སྐོར་རིག་གནས་དུས་ཆེན་དང་ཚོང་འདུས་སོགས་ལ་མང་པོ་ཞུགས་ཀྱི་ཡོད། ལམ་ཐག་རིང་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། དངོས་ཟོག་ལྗིད་པོ་སོགས་ཀྱི་དཀའ་གནད་འཕྲད་པ་མ་ཟད། ད་དུང་འགྲིམ་འགྲུལ་དབོར་འདྲེན་གྱི་མ་གནས་ཀྱང་མཐོ་པོ་ཡོད་པས་ཚོང་ཟོག་བྲིན་ཁ་རྒྱུག་པོ་ཡོད་ཀྱང་ཡོང་འབབ་ཁེ་གཙང་དེ་ཙམ་མང་པོ་མེད། 

    ལོ་ཤས་རིང་ཆུང་སྐྱིད་གང་སར་བསྐྱོད་དེ་ཡོང་འབབ་ཕྲན་བུ་གསོག་འཇོག་ཐུབ་ཡོད་ལ་མཐོང་རྒྱའང་དེ་བས་ཆེ་རུ་སོང་ཡོད། ཁྱིམ་དུ་གཅེན་གཅུང་མང་པོ་ཡོད་ལ་ཕ་ཡུལ་གྱི་ཉེ་འཁོར་དུ་ལས་སྒུག་གཞོན་སྐྱེས་མང་པོ་ཡོད་པས་ཆུང་སྐྱིད་ཀྱིས་ལྷ་སར་ཇ་ཁང་ཞིག་འཛུགས་རྒྱུའི་ཐག་བཅད། དེས་གཅིག་ནས་མི་གཞན་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་དང་། གཅིག་ཤོས་ནས་རང་ཉིད་ཀྱི་འཚོ་བའང་གཞི་ཆགས་ཡོང་ཐུབ། 2009ལོའི་ཞོ་སྟོན་སྐབས་སྨི་ངོས་གྲུ་40ཡང་ཟིན་མེད་པའི་ཡར་འབྲོག་གཡུ་མཚོའི་ཇ་ཁང་བསྟན་རྒྱས་གླིང་སྡེ་ཁུལ་དུ་བཙུགས་པ་དང་གཅུང་མོ་པ་སངས་དང་ཕ་ཡུལ་གཅིག་པའི་སྒྲོལ་མ་དེའི་ནང་ཞུགས་ཡོད། 

    ཇ་ཁང་གཉེར་སྐྱོང་གི་ཉམས་མྱོང་མེད་ཀྱང་ཆུང་སྐྱིད་ཀྱིས་ཁ་དན་ཚིག་གནས་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཆུང་ས་སྤྱོད་གཅིག་མའི་ཁ་ཐུར་ནས་སྣུམ་དང་ཚྭ། ཅང་ཡིའུ། ཚུའུ་སོགས་སྨན་སྣ་འདྲ་མིན་སྣ་ཚོགས་དང་། ཆེ་ས་མ་གནས་མཐོ་བའི་ཚགས་ཤ་སོས་པའི་བར་ཆུང་སྐྱིད་ཀྱིས་སྤུས་ཚད་ལེགས་པོ་ཁོ་ན་གདམ་ག་བྱེད་ཀྱི་ཡོད། ཇ་མངར་མོ་དང་། ཐུག་པ། འབྲས་བརྔོས་མ་སོགས་ཚང་མའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་བའི་ཁར་སེམས་རྩ་འཁོལ་བའི་ཞབས་ཞུའི་རྣམ་འགྱུར་གྱིས་ཚོང་བྲིན་ཁ་རྒྱུག་པོ་བྱུང་ཡོད། ལོ་བཞིའི་རྗེས་ཇ་ཁང་སྦྲ་ནག་ཞོལ་སྡེ་ཁུལ་དུ་སྤོས་ཏེ་རྒྱ་ཁྱོན་སྨི་ངོས་གྲུ་60ལྷག་ཙམ་བར་རྒྱ་སྐྱེད་བྱུང་ཡོད། 2018ལོར་ཇ་ཁང་སླར་ཡང་འཁྲུག་ཆ་དོད་པའི་ཁྲོམ་གཟིགས་སྒང་སྡེབ་འཚོང་ཁྲོམ་རའི་འགྲམ་དུ་སྤོས་ཏེ་རྒྱ་ཁྱོན་སྨི་ངོས་གྲུ་100ལྷག་ཙམ་བར་རྒྱ་སྐྱེད་བྱུང་ཡོད་པ་རེད། 

    “ཟ་སྡོད་འགན་ལེན་ཁར་ཟླ་རེར་གླ་ཕོགས་སྒོར་4200ནས་4500བར་ཡོད་པ་མ་ཟད། དུས་ཆེན་དང་གུང་གསེང་དེ་བཞིན་ལོ་མཇུག་ཏུ་བྱ་དགའི་དངུལ་ཡང་ལེན་རྒྱུ་ཡོད”ཅེས་ཇ་ཁང་གི་ཞབས་ཞུ་བས་བློ་ཡིད་ཚིམས་པོའི་སྒོ་ནས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།