2019ལོ་ནས་བཟུང་། རང་ལྗོངས་ཀྱིས“ཆུ་གྲོན་ཆུང་སྔོན་འཇོག་དང་། བར་མཐོངས་དོ་མཉམ། མ་ལག་བཅོས་སྐྱོང་། ནུས་ཤུགས་ཡོད་རྒུ་འདོན་པ”བཅས་ཀྱི་ཆུ་བཅོས་མཛད་ཕྱོགས་ལག་བསྟར་ཧུར་ཐག་བྱེད་པ་དང་། “ཆུ་བེད་ལས་གྲྭའི་ཞན་ཆ་སེལ་བ་དང་། ཆུ་བེད་ལས་རིགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པའི”སྤྱིའི་དགོངས་གཞིར་གཞིགས་ནས། དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་ཀྱི“མཐའ་མའི་འགག་གནད”བསལ་ཏེ་རྒྱ་ཆེའི་ཞིང་འབྲོག་པའི་དྭངས་གཙང་གི་འཐུང་ཆུ་འགན་ལེན་བྱས་པ་རེད།
ཐབས་མང་མཉམ་སྤྱོད་བྱས་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ལས་གྲྭའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ལོ་གཅིག་སྔ་སྣུར་དུ་ཚད་བརྒལ་ལེགས་གྲུབ་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་3.23གྱི་འཐུང་ཆུའི་གནད་དོན་ཚང་མ་ཐག་གཅོད་བྱས་པར་བརྟེན་གྲོང་གསེབ་ཀྱི་འཐུང་ཆུ་མི་འབོར་ལ་ཁྱབ་ཚད་དང་། གྲོང་གསེབ་ཀྱི་འཐུང་ཆུ་གཅིག་སྡུད་མཁོ་སྤྲོད་བྱེད་ཚད། ཆུ་ཀ་ལ་ཁྱབ་ཚད། ཆུ་སྤུས་ཚད་ལོན་ཚད་བཅས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་རེད།
ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཆུ་སྤུས་འགན་ལེན་བྱས་ཤིང་། “ལས་གྲྭ་གཅིག་བསྐྲུན་ནས་ཆུ་འགོ་གཅིག་ལ་སྲུང་སྐྱོང་བྱེད་པ”མཐའ་འཁྱོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་ལམ་ཡང་ན་སྲུང་སྐྱོང་ཁྱབ་ཁོངས་ཀྱི་དབྱེ་མཚམས་ལས་དོན་ཚད་ལྡན་དུ་བཏང་བ་དང་འབྲེལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། མཚོན་རྟགས་བྱང་བུ་བཙུགས་ནས་ཆུ་འགོའི་དབྱེ་མཚམས་ས་ཁོངས་ཀྱི་སྦགས་བཙོག་བཟོ་བའི་གནད་དོན་གཙང་སེལ་བྱས་པ་རེད། ལྗོངས་ཡོངས་སུ་ཆུ་སྤུས་ཞིབ་བཤེར་ཚད་ལེན་ལྟེ་གནས་15བཙུགས་པ་དང་། ས་གནས་ཁག་གིས་བོད་སྐྱོར་རོགས་རམ་དང་ཕྱོགས་གསུམ་པའི་ལག་རྩལ་གྱི་རྒྱབ་སྐྱོར། དེ་བཞིན་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཆུ་སྤུས་ཞིབ་བཤེར་ཚད་ལེན་ལྟེ་གནས་འཁོར་སྐྱོད་ཀྱི་ལམ་སྲོལ་བཙུགས་པ་བརྒྱུད། གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་ཆུ་སྤུས་ལ་རང་བཤེར་དང་ལས་རིགས་ལྟ་འདོམས་ནུས་པ་ཆེ་རུ་དང་། ཆུ་སྤུས་ཞིབ་བཤེར་ཚད་ལེན་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།
ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འཁོར་སྐྱོད་ཚད་ལྡན་དུ་བཏང་ཞིང་། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་ཆེད། 2019ལོར་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྒྲིག་ཆས་ཉམས་གསོ་བདག་སྐྱོང་གི་མ་དངུལ་སྒོར་ཁྲི་5169བཏང་ནས་ལས་གྲྭ་2691ཉམས་གསོ་བདག་སྐྱོང་བྱས་པས་མི་འབོར་ཁྲི་49ལ་ཕན་པ་ཐོབ་ཡོད། བོད་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་གཙོ་གནད་དེ“དབུལ་སྒྲོལ་འགག་སྒྲོལ”ནས“གྲོང་གསེབ་དར་རྒྱས”ཕྱོགས་ལ་སྒྱུར་ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་གཏོང་ལ་གཞིགས་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཡུལ་བབ་དང་བསྟུན་ནས་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭ་འཕེལ་རྒྱས་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་འཚམ་པའི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་མ་ལག་མགྱོགས་མྱུར་བསྐྲུན་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།