འདི་ལོ་ལོ་58ལ་སླེབས་པའི་གངས་ཆུང་ནི་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་ཁ་ཡུག་གྲོང་ཚོའི་གྲོང་མི་ཡིན་ཞིང་། 2010ལོའི་ཟླ་8པར་ཤང་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག གངས་ཆུང་གིས་མང་ཚོགས་སྣེ་འཁྲིད་ནས་དཔལ་འབྱོར་གླིང་ཤང་ཞིང་འབྲོག་པའི་ཨར་ལས་ཆེད་ལས་མཉམ་ལས་ཁང་བཙུགས། མཉམ་ལས་ཁང་གིས་གཞུང་ལམ་དང་། ཟམ་པ། ཁང་པ་བཅས་བཟོ་སྐྲུན་གྱི་འགན་གཙོ་བོ་འཁུར་གྱི་ཡོད། ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་མཉམ་ལས་ཁང་བཙུགས་པ་ནས་ད་བར་ལྷུན་གྲུབ་རྫོང་གི་ཞིང་འབྲོག་པ་2000ལྷག་ཙམ་ཕྱིར་ལས་མིར་བཏང་བ་དང་། ཞིང་འབྲོག་པས་ལག་རྩལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་རྒྱུར་སྣེ་འཁྲིད་བྱས་ཏེ་མི་གྲངས་300ལྷག་ཙམ་ལས་ཞུགས་འོས་སྦྱོར་བྱས་པ། མང་ཚོགས་དབུལ་པོའི་དུད་ཚང་50ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། དེ་དང་དུས་མཚུངས་གངས་ཆུང་ཡང་དཔལ་འབྱོར་གླིང་ཤང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཨང་དང་པོར་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྷུན་གྲུབ་རྫོང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་མགྱོཌ་མྱུར་དང་སྐྱོན་བྲལ་གྱིས་འཕེལ་རྒྱས་འགྲོ་ཕྱོགས་མངོན་པ་དང་། ཞིང་འབྲོག་ལས་གཉེར་སྐྱོང་བྱེད་ཐབས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་དང་ཞིང་འབྲོག་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་གཞན་སྒྱུར་དང་འབབ་འཕར་ཕྱུག་འགྱུར་ལ་ཁྲིད་སྟོན་ཐད་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། མིག་སྔའི་བར། ལྷུན་གྲུབ་རྫོང་གིས་ཁྲོམ་ར་ལྟ་འདོམས་སྡེ་ཚན་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྱོན་200ལྷག་ཙམ་ཐོ་བཀོད་བྱས་པ་དང་། མཉམ་ལས་ཁང་གི་ཁོངས་མིའི་མི་གྲངས་ཀྱི་80%སྤྱིའི་ཆ་ནས་མི་གྲངས་20ནས་30བར་ཡིན།
བྱང་ཁ་ཤང་བྱང་ཁ་གྲོང་ཚོའི་གྲོང་མི་རྡོ་རྗེ་ཚེ་བརྟན་གྱིས་ད་བར་སྲོལ་རྒྱུན་གྱི་སྤོས་བཟོ་སྟངས་ལག་རྩལ་རྒྱུན་འཛིན་བྱས་ཡོད། ཁོང་ལ་དུད་སྦྲེལ་ཚན་པའི་ཁོངས་མི་དང་མཉམ་ལས་བྱས་ནས་སྤོས་ལས་སྣོན་བཟོ་གྲྭ་བཙུགས་ཏེ་འབབ་འཕར་ཡོང་བའི་འཆར་གཞི་ཞིག་ཡོད། བྱང་ཁ་ཤང་དང་འབྲེལ་ཡོད་སྡེ་ཚན་གྱི་ཁྲིད་སྟོན་དང་རྒྱབ་སྐྱོར་ཤུགས་ཆེན་འོག་གྲོང་མི་རྡོ་རྗེ་ཚེ་བརྟན་ལ་བཟོ་གྲྭ་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་པས། དུད་སྦྲེལ་ཚན་པའི་ནང་གི་ཁྱིམ་ཚང་ནས་མ་དངུལ་བདེ་བླག་ངང་བསྡུ་རུབ་བྱེད་རྒྱུ་བྱུང་བས་དེ་སྔའི“རིན་ཆེན་སྣ་བདུན”གྱི་སྤོས་ལས་སྣོན་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་དུས་མཚུངས་ཞིང་འབྲོག་མང་ཚོགས་ལ་་ཞུགས་ལས་གནས་མང་པོ་མཁོ་འདོན་བྱས་ཡོད།
ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐོན་སྐྱེད་འཇོན་ཐང་ཡོད་པའི་འདེབས་གསོའི་དུད་ཚང་ཆེན་པོས་གཉེར་སྐྱོང་བྱེད་རྒྱུར་ལྕག་སྐུལ་ཧུར་ཐག་བྱེད་པ་དང་། གྲོང་ཚོའི་ལས་བྱེད་པས་སྣེ་ཁྲིད་ནས་གཉེར་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱིས་མཉམ་ལས་ཁང་སྣེ་ཁྲིད་ནས་གཉེར་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ། མཉམ་ལས་ཁང་གཉེར་སྐྱོང་དང་ཚད་ལྡན་ཅན་བཞིན་བསྐྲུན་རྒྱུ་དེ་ཐོན་ལས་དབུལ་སྐྱོར་དང་དབུལ་སྒྲོལ་བརྟན་པོ་ཡོང་བའི་དོན་ཆེན་ལ་བརྩི་བ་དང་སྒོ་ཕྱུགས་གསོ་ཚགས་དང་། རྩམ་པ་ལས་སྣོན། ཞིང་འཕྲུལ་མཉམ་ལས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་དམིགས་སྟབས་དུད་ཚང་དབུལ་པོའི་འབབ་འཕར་ཕྱུག་འགྱུར་ཡོང་བའི་འཇོན་ཐང་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།
ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ཕྱིན་པས་ཞིང་འབྲོག་ལས་གཉེར་སྐྱོང་བྱ་ཐབས་གཞན་སྒྱུར་བྱེད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་ཐོབ་ཡོད། ལྷུན་གྲུབ་རྫོང་ནོར་མ་ཚང་ཞིང་འཕྲུལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་འབྲོག་ལས་ཀྱི་རྫོང་ཆེན་པོའི་དོན་དངོས་ལ་གཞི་ཚུགས་ནས། ཞིང་ལས་ཞབས་ཞུར་མཐོང་ཆེན་པོ་བྱས་ཏེ་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོར་གྲོང་ཚོ་ཨུ་ལྷན་གྱིས་གཙོ་གཉེར་བྱེད་པ་དང་གྲོང་མིས་དེའི་ནང་ཞུགས་པ་དང་ལྟ་སྐུལ་གྱི་བྱེད་སྟངས་སྤྱད་ནས་ཐོ་བཀོད་མ་དངུལ་སྒོར་ཁྲི་531.59བཏང་བ་དང་། གྲོང་ཚོ་ཡོངས་སུ་ནས་དང་། གྲོ གཟན་རྩྭ། ཞོག་ཁོག་བཅས་ཐོན་སྐྱེད་ཕྱེད་ཚབ་གཉེར་གྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཚོལ་ཞིབ་ཧུར་ཐག་བྱས་པས། ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་གསར་པ་ཞིང་འབྲོག་པའི་ཁྲོད་ཁྱབ་སྤེལ་བྱེད་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་པ་དང་། ཞིང་འབྲོག་པའི་བསམ་བློ་གཏོང་སྟངས་ལའང་འགྱུར་ལྡོག་ཐེབས་ཡོད།
ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་བཏང་བ་བརྒྱུད། ལྷུན་གྲུབ་རྫོང་ཞིང་འབྲོག་པའི་མཉམ་ལས་ཁང་གིས“སྒོ་ཕྱུགས་གསོ་ཚགས་དང་། རྩམ་པ་ལས་སྣོན། ཞིང་འཕྲུལ་མཉམ་ལས། ལས་གྲྭའི་ཨར་སྐྲུན་རུ་ཁག”སོགས་ཁྱབ་ཁོངས་སུ་ཞིང་འབྲོག་རྫོང་ཆེན་གྱི་ཁྱད་ཆོས་ལྡན་པའི་མཉམ་ལས་རྩ་འཛུགས་ཁག་གཅིག་ཆགས་པ་དེས་ལྷུན་གྲུབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།
ལྷུན་གྲུབ་ཆུ་རགས་ལུང་རིང་སྒོ་ཕྱུགས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་རྩམ་པའི་ཐོན་ལས་གཙོ་བོར་བྱེད་པ་དང་། འབྲེལ་ཡོད་ཐོན་ལས་གཞན་དག་མཉམ་དུ་ཟུང་འབྲེལ་གྱིས་གཉེར་སྐྱོང་ལམ་ལུགས་ཐོག་ནས་རྩམ་པ་གཉེར་སྐྱོང་ཚོང་པར“ཀྲི་པུའུ+མཉམ་ལས་ཁང+རྟེན་གཞི+ཞིང་དུད”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པ་དང་། ནས་འདེབས་འཛུགས་དང་། སྣེ་མང་གཉེར་སྐྱོང་ཚོང་པར“མཉམ་ལས་ཁང+རྟེན་གཞི+ཞིང་དུད”བཅས་ཀྱི་གཉེར་སྐྱོང་རྣམ་པ་སྤྱད་ཡོད། དེའི་ཁྱད་ཆོས་དང་ལེགས་ཆར་བརྟེན་ནས་ཕྱི་ཕྱོགས་དང་སྦྲེལ་མཐུད་དང་ཁེ་ལས་དང་ཁྲོམ་རའི་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པ་དང་། ནང་ཁུལ་དུ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་གཞི་ཁྱོན་གཉེར་སྐྱོང་དང་གཅིག་གྱུར་བྲིན་འཚོང་བྱས་པ་བརྒྱུད་ཐོན་སྐྱེད་ཀྱི་མ་གནས་ཆུང་དུ་ཕྱིན་པ་དང་། གཅིག་གྱུར་ཐོན་རྫས་ཀྱི་སྤུས་ཚད་ཚད་གཞི་དང་རིན་གོང་གཅིག་གྱུར་ལག་ལེན་བསྟར་ནས་ལྷུན་གྲུབ་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ཟོག་གི་སྤུས་རྟགས་རིམ་གྱིས་བཏོད་ཡོད།
“མཉམ་ལས་ཁང+གནས་སྤོའི་ས་ཚིགས་ཀྱི་དུད་ཚང་དབུལ་པོ”ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་པ་བརྒྱུད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་པ་དང་འཕེལ་རྒྱས་བཏང་ནས་ཞིང་འབྲོག་པ་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་ལས་གཏོད་ཐབས་ལམ་ཡངས་སུ་བཏང་བ་མ་ཟད། གདམ་ག་ཡང་མང་དུ་ཕྱིན་ཡོད།