ཁོང་གིས་ཙོག་བུར་བསྡད་དེ་སྡོང་ཕྲུག་སྐྱེ་འཚར་ལ་ལྟ་བཞིན་འདུག གཟུགས་སྟོབས་ཆེ་བའི་ཁོང་གིས་སྡོང་ཕྲུག་རྟེན་གཞིར་ཡོང་ནས་ལྟ་ཙམ་ལྟ་ཙམ་བྱེད་པའམ་ཡང་ན་ཙོག་བུར་བསྡད་དེ་སྡོང་ཕྲུག་ལ་རེག་ཙམ་རེག་ཙམ་བྱེད་ཀྱི་ཡོད།
བཀྲ་ཤིས་དཔལ་ལྡན་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོའི་ཨ་ཤིང་ནང་སྡོང་ཕྲུག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་ལ་སྡོང་ཕྲུག་ར་བར་བརྟེན་ནས་སླེའུ་ཆུང་གྲོང་ཚོའི་གྲོང་མི་ཕྱུག་པོའི་ལམ་དུ་འཁྲིད་རོགས་བྱེད་མཁན་ཞིག་ཀྱང་རེད།
1993ལོར་བཀྲ་ཤིས་དཔལ་ལྡན་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོར་སྐྱེས་ཤིང་། ལོ་15ལ་སླེབས་སྐབས་ཐེངས་ཤིག་ཁོང་ལས་ཀ་བྱེད་སྐབས་ཞིང་སྤྱོད་འདྲུད་འཐེན་འཁོར་ལོའི་འོག་ཚུད་དེ་ཐོས་ཤེད་ཉམས། ལས་འཛོལ་དེའི་རྐྱེན་པས་མཐར་བཀྲ་ཤིས་དཔལ་ལྡན་སློབ་མཚམས་མི་འཇོག་ཀ་མེད་བྱུང་ཡོད།
དགུན་ཁ་ཤར་རིམ་བཞིན་སླེའུ་ཆུང་གྲོང་ཚོར་ཐལ་རླུང་འཚུབ་ཀྱི་ཡོད་པས་སླེའུ་ཆུང་གྲོང་ཚོའི་གྲོང་མི་རྣམས་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་གྱི་ཡོད། དེའི་སྐོར་ལ་བཀྲ་ཤིས་དཔལ་ལྡན་གྱིས་འབྱུང་འགྱུར་གྱི་འཆར་གཞི་བཏིང་།
2017ལོར། བཀྲ་ཤིས་དཔལ་ལྡན་གྱིས་སྡོང་ཕྲུག་རྟེན་གཞི་ཞིག་འཛུགས་རྒྱུའི་ཐག་བཅད།
ཁ་བཤད་ལག་ལེན་ཐོག་འཁྱོལ་བ་བྱེད་མཁན་བཀྲ་ཤིས་དཔལ་ལྡན་གྱིས་2017ལོའི་དབྱར་ཁར་རང་ཉིད་དང་ནང་མིས་ལོ་མང་བསགས་པའི་དངུལ་དང་གོང་དཀར་རྫོང་ཞིང་ལས་དངུལ་ཁང་ནས་གཡར་བའི་སྒོར་ཁྲི་15བཏང་སྟེ་སྡོང་ཕྲུག་རྟེན་གཞི་འཛུགས་རྒྱུའི་གྲ་སྒྲིག་བྱས།
བཀྲ་ཤིས་དཔལ་ལྡན་གྱིས་སྡོང་ཕྲུག་རྟེན་གཞི་བཙུགས་པའི་དོན་དག་ནི་སྒྲུབ་ཐེངས་གཅིག་ལ་ལམ་ལྷོངས་བྱུང་བ་ཞིག་ག་ནས་ཡིན། སྐབས་དེ་དུས་ཧུར་ཐག་འབད་ཐག་བྱ་རྒྱུ་ནི་ཁོང་གི་སེམས་ཤུགས་ཆེ་ཤོས་སུ་གྱུར། ལས་གཏོད་བྱས་མ་ཐག་པའི་སྐབས་སུ། དཀའ་ངལ་འཕྲད་རིམ་བཞིན་བཀྲ་ཤིས་དཔལ་ལྡན་གྱིས་གཞན་གྱི་ས་ནས་སྔོན་ཐོན་ཉམས་མྱོང་སྦྱོང་བར་འགྲོ་བ་དང་ཆབས་ཅིག་རྟག་ཏུ་འབྲེལ་ཡོད་ལག་རྩལ་མི་སྣ་རང་ཉིད་ཀྱི་སྡོང་ཕྲུག་རྟེན་གཞིར་འདེབས་འཛུགས་ལག་རྩལ་མཛུབ་ཁྲིད་བྱེད་པར་གདན་དྲངས་ཀྱི་ཡོད།
དང་ཐོག་མར། བཀྲ་ཤིས་དཔལ་ལྡན་གྱི་སྡོང་ཕྲུག་རྟེན་གཞིར་སྦྱར་པ་དང་། སྐྱེ་ཡག རྒྱ་ལྕང་སོགས་ཤིང་སྣ་4ཡི་སྡོང་ཕྲུག་ཁྲི་10ཡོད། 2018ལོར། སྔར་ཡོད་ཀྱི་རྨང་གཞིའི་ཐོག་ཁོང་གིས་སླར་ཡང་སྐྱེ་ཡག་སྡོང་ཕྲུག་ཁྲི་3བཏབ། དེ་དང་ཆབས་ཅིག་ཁོང་གིས་ཉིང་ཁྲི་ནས་འབྲས་ཤིང་དྲངས་ཏེ་ཚོད་ལྟའི་ངང་བཏབ་ཅིང་། དེའི་རིང་འབྲས་ཤིང་སྡོང་ཕྲུག་ཁྲི་7དང་། འདྲེ་ཚེར་མའི་སྡོང་ཕྲུག་ཁྲི་3 ཚེས་སེར་སྡོང་ཕྲུག་ཁྲི་1 སྡོང་ཕྲུག་གཞན་དག་ཁྲི་1.5བཅས་བཏབ་པ་རེད།
མིག་སྔར། བཀྲ་ཤིས་དཔལ་ལྡན་གྱི་སྡོང་ཕྲུག་རྟེན་གཞིར་སྡོང་ཕྲུག་གསོན་ཚད་90%ཡན་ཟིན་པ་དང་། ཁྲོམ་རར་སྡོང་ཕྲུག་5000ལྷག་ཙམ་བཙོངས་ཡོད།
2017ལོ་ནས་2019ལོའི་བར། བཀྲ་ཤིས་དཔལ་ལྡན་གྱི་སྡོང་ཕྲུག་ཀུང་སིས་སྔ་རྗེས་སུ་མང་ཚོགས་དབུལ་པོ་45ལས་ཀར་བསྡུས་པས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་2240འཕར་ཡོད་པ་རེད།
གྲུབ་འབྲས་རགས་ཙམ་ཐོབ་པའི་བཀྲ་ཤིས་དཔལ་ལྡན་གྱིས“ཕྱིས་སུ་སྡོང་ཕྲུག་རྟེན་གཞིའི་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་ནས་སྡོང་ཕྲུག་དེ་བས་མང་བ་བཏབ་སྟེ་ཁྲོམ་རར་སྡོང་སོན་ཡག་པོ་མཁོ་འདོན་བྱེད་ཀྱི་ཡིན་ལ་མུ་མཐུད་གྲོང་ཚོ་ཡོངས་ཀྱི་ཞིང་པ་མང་ཚོགས་ལའང་ཡོང་འབབ་མང་དུ་གཏོང་རོགས་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།