གྲོང་ཚོའི་ལས་བྱེད་པས་བསྐྱལ་བའི་བྱ་དགའ་རིམ་པ་གཉིས་པའི་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་རག་སྐབས་ཉི་མ་སྲི་ཆོས་སེམས་འགུལ་ཚད་མེད་ཐེབས་ཏེ་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་མ་ཟད“ལོ་གཅིག་རིང་དཀའ་ལས་རྒྱག་རིན་ཆོག་འདུག”ཅེས་བཤད།
ཟླ་3ཚེས་8ཉིན་ས་དགའ་རྫོང་དར་རྒྱས་གླིང་ཤང་ས་དགའ་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་བུད་མེད་ཚོའི་བསླས་འཐག་ལག་ཤེས་ཐོན་རྫས་བསྡུས་ཏེ་ཐུག་འཕྲད་མི་བྱེད་པའི་བསླས་འཐག་ལག་ཤེས་ཐོན་རྫས་འགྲན་བསྡུར་ཆེ་མོ་ཞིག་བྱས་པ་རེད། ཉི་མ་སྲི་ཆོས་ལ་ད་རེས་ཀྱི་འགྲན་བསྡུར་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད་པ་རེད།
ས་དགའ་གྲོང་ཚོ་ཨུ་ལྷན་གཞུང་ལས་ཁང་གི་ཚོམས་ཆེན་ནང་ནས་གསར་འགོད་པས་ཕོ་ཁེབས་ཀྱི་ཤུབས་དང་། ཀམ་པ་ལི། ཁ་གདན། ཤོག་བུ་བླུགས་སྣོད་སོགས་ལག་ཤེས་ཐོན་རྫས་སྣ་ཁ་60ལྷག་ཙམ་ཡོད་པ་མཐོང་བ་དང་ཚོན་མདོག་སྣ་ཚོགས་ཀྱི་ལག་ཤེས་ཐོན་རྫས་དེ་དག་སྤུས་ཀ་ཡག་པོ་ཡོད་པ་རེད།
འགྲན་བསྡུར་ནང། ས་དགའ་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་དར་རྒྱས་གླིང་ཤང་གི་ཤང་ཀྲང་མིག་དམར་ཚེ་རིང་དཔྱད་འདེམས་པར་གདན་དྲངས་ནས་ཕུལ་བྱུང་གི་བསླས་འཐག་ཐོན་རྫས་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་བདམས་པ་མ་ཟད། གཟི་བརྗིད་མཚན་སྙན་ལག་ཁྱེར་ཡང་སྤྲད་པ་རེད། “ད་རེས་ཀྱི་ལག་ཤེས་བསླས་འཐག་ཐོན་རྫས་ཀྱི་འགྲན་བསྡུར་ཆེ་མོ་བྱས་པ་དེས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་སྲུང་སྐྱོང་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཐོབ་ཡོད། གོམ་སྟབས་རྗེས་མར་ང་ཚོས་ས་དགའ་གྲོང་ཚོའི་ཞིང་འབྲོག་ཐོན་རྫས་དང་། བུད་མེད་ཀྱི་ལག་ཤེས་བསླས་འཐག་ཐོན་རྫས་དྲ་ཐོག་ཚོང་ཁང་བརྒྱུད་ཁྱབ་གདལ་བཏང་ནས་གྲོང་ཚོ་ཧྲིལ་པོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དེ་བས་ལེགས་པ་གཏོང་རྒྱུ་ཡིན”ཞེས་མིག་དམར་ཚེ་རིང་གིས་སྐད་འཕྲིན་ཚོགས་པ་བརྒྱུད་ས་དགའ་གྲོང་ཚོའི་མང་ཚོགས་ཚོར་བརྗོད་ཡོད།
ས་དགའ་གྲོང་ཚོ་ནི་དར་རྒྱས་ཤང་གི་འབྲོག་ལས་གྲོང་ཚོ་ཞིག་ཡིན་པ་དང་། ལོ་ལྟར་དགུན་དཔྱིད་གཉིས་སུ་ཁྱིམ་ཚང་ཚང་མས་ཕྱུགས་རིགས་འཚོ་མཚམས་འཇོག་གི་ཡོད་པས་སྐྱེས་པ་ཚོ་ཕྱིར་ལས་ཀ་ཙག་ཙིག་བྱེད་པར་སྐྱོད་པ་དང་བུད་མེད་ཚོ་ནང་དུ་ལས་ཀ་མེད་པར་སྡོད་ཀྱི་ཡོད།
ང་ཚོའི་གྲོང་ཚོར་བསླས་འཐག་ལ་མཁས་པའི་མི་མང་པོ་ཡོད་པས་གྲོང་ཚོའི་ནང་གི་བུད་མེད་ཚོ་སྒྲིག་འཛུགས་ཀྱིས་ཞོར་ལས་ཡོང་འབབ་བསགས་པའི་ཐབས་ལམ་རྒྱ་ཆེར་མི་གཏོང་བ་ཅི་ཞིག་ཡིན་ནམ། 2019ལོའི་ལོ་འགོར་ས་དགའ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟླ་སྐྱིད་ཀྱིས་འགྲན་བསྡུར་བྱ་ཐབས་དེ་བསམ་བློ་འཁོར་ཡོད།
དེ་རྗེས་ཟླ་སྐྱིད་ཀྱིས་ས་དགའ་གྲོང་ཚོ“ཨུ་ལྷན་གཉིས”དང་མཉམ་འབྲེལ་ཐོག་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱས་པ་མ་ཟད། ད་དུང་ཉེ་འགྲམ་གྱི་བསླས་འཐག་མཁས་པ་གདན་དྲངས་ནས་གྲོང་ཚོའི་ནང་གི་བསླས་འཐག་དེ་ཙམ་མི་ཤེས་མཁན་བུད་མེད་ཚོར་བསླབས། དེ་རྗེས་གྲོང་ཚོའི་ནང་གི་བུད་མེད་ཚོས་རྟག་ཏུ་ལས་ཀ་མེད་པའི་སྐབས་བསླས་འཐག་སྦྱོང་གི་ལས་ལ་གཞོལ་གྱི་ཡོད།
གྲོང་ཚོའི་ནང་ལག་ཤེས་བསླས་འཐག་ཐོན་རྫས་མང་པོ་ཡོད་པ་མཐོང་སྐབས་ས་དགའ་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ད་དུང་གྲོང་ཚོ་རིམ་པའི་མཉམ་ལས་ཁང་གི་ལས་སྟེགས་བརྒྱུད་ཕྱིར་ཚོང་དང་མངགས་ཉོ་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་གི་ཡོད་པ་རེད།
2019ལོར་ས་དགའ་གྲོང་ཚོའི་བུད་མེད་ཀྱི་ལག་ཤེས་བསླས་འཐག་ཐོན་རྫས་ལ་ཡོང་འབབ་སྒོར་ཁྲི་7བྱུང་བ་དང་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་19350བྱུང་ནས་ལོ་དེ་རང་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་སྒོར་ཁྲི་1.9བགོ་བཤའ་རྒྱག་རྒྱུ་བྱུང་བ་རེད།