གསར་འགོད་པར་ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། ཆབ་མདོ་གྲོང་ཁྱེར་གྱིས་སྔ་སྣུར་དུ་ཇུས་འགོད་བྱས་ནས་སྲིད་ཇུས་བརྟན་པོ་དང་ཐོན་འབབ་བརྟན་པོ་ཡོང་བར་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་དཔྱིད་འདེབས་ལ་དམ་འཛིན་དང་དངོས་ཟོག་མཁོ་འདོན་འགན་ལེན་ལ་དམ་འཛིན་བྱས་ཡོད།
སོན་བཟང་ཉོ་སྒྲུབ་དང་གཏོང་འདྲེན་ཡག་པོ་བྱ་ཆེད། གྲོང་ཁྱེར་ཡོངས་ཀྱིས་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་67.58ཟིན་པ་བྱས་ནས་རིགས་ཁག་གི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་རྒྱ་མ་ཁྲི་473.06ཉོ་སྒྲུབ་དང་གཏོང་འདྲེན་བྱས་ཤིང་། མིག་སྔར་ཉོ་སྒྲུབ་གཏོང་འདྲེན་ལས་དོན་དེ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱིས་རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་ལྟེ་གནས་དང་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་བཅས་ཀྱི་ཞིང་ལས་གྲོང་གསེབ་ཅུས་སོགས་དང་མཐུན་སྦྱོར་བྱེད་བཞིན་ཡོད་པས་འདེབས་འཛུགས་མ་བྱས་གོང་རྫོང(ཆུས)ཁག་ཏུ་གཏོང་རྒྱུ་ཡིན་པ་རེད།
ཞིང་སྤྱོད་རྫས་ལུད་དང་ཞིང་སྨན་ཉོ་སྒྲུབ་གཏོང་འདྲེན་འགན་ལེན་བྱ་ཆེད། གྲོང་ཁྱེར་ཡོངས་ཀྱིས་རྫས་ལུད་ཏུན་6844མངགས་ཉོ་བྱས་ནས་སྔོན་རྩིས་ལྟར་ན་ཟླ་3པའི་ཟླ་མཇུག་ཏུ་རྫས་ལུད་ཚང་མ་གཏོང་འདྲེན་ཟིན་པ་བྱ་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱིས་ཞིང་སྨན་ཏུན་7.446ཉོ་སྒྲུབ་བྱས་པ་དང་། མིག་སྔར་ཞིང་སྨན་ཉོ་སྒྲུབ་ཀྱི་དྲ་ཐོག་གི་ཡོངས་བསྒྲགས་སུས་འཇོན་དེ་འགུགས་ཀྱི་ལས་དོན་ཚང་མ་ལེགས་སྒྲུབ་ཟིན་པ་རེད།
སྔོ་ཚལ་ཐོན་སྐྱེད་འགན་ལེན་ལ་ཤུགས་སྣོན་རྒྱག་ཆེད། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11ལ་ཉི་འོད་དྲོད་ཁང་ཆེ་མོ་སྟར་པ་2253དང་། མིག་སྔར་སྤྱོད་བྱེད་བཞིན་པའི་ཉི་འོད་དྲོད་ཁང་ཆེ་མོ་སྟར་པ་2196ཡོད་པ་དང་སྔོ་ཚལ་མུའུ་1252ཙམ་བཏབ་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱིས་ཉིན་རེར་སྔོ་ཚལ་ཏུན་6.53ཙམ་ཐོན་སྐྱེད་བྱས་པའི་ཐོག ཉེ་དུས་ས་ཆ་གཞན་གྱི་སྔོ་ཚལ་བསྣན་ན་སྔོ་ཚལ་མཁོ་འདོན་འགན་ལེན་སྤྱིར་ན་དོ་སྙོམས་བྱུང་ཡོད་པ་རེད།