དབུ་ཤོག>ཞིང་འབྲོག་གསར་པ།
  • འདྲེན་ཐང་གྲོང་རྡལ་གྱིས་བེ་ཤ་སོགས་རི་སྐྱེས་ཐོན་ཁུངས་ལ་གང་ལེགས་བརྟེན་ནས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-17

    རྩྭ་རྩི་ཤིང་ཕུན་སུམ་ཚོགས་པའི་འདྲེན་ཐང་ལུང་ཤུར་དུ་སྡོང་པོའི་འོག་གི་བེ་ཤ་དང་། ཤ་མོང་། རི་སུལ་གྱི་གྲོ་མ། སྡོང་ཕྲན་གསེབ་ཀྱི་རི་སྐྱེས་སེའུ་སྔོན་སོགས“རི་སྐྱེས་ཐོན་ཁུངས”དཀོན་པོ་འདི་རིགས་གང་སར་མཐོང་རྒྱུ་ཡོད། ཇི་ལྟར་བྱས་ན་ནགས་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་ཐུབ་ནས་ཡུལ་མི་སྤུན་ཟླ་རྣམས་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་ཐུབ་བམ་ཞེས་པ་ནི་འདྲེན་ཐང་གྲོང་རྡལ་འོག་ཤོད་གྲོང་ཚོའི་གཞོན་ནུ་ལྷག་པ་དར་རྒྱས་ཀྱི་བསམ་འདུན་རེད།

    2015ལོར། གྲོང་རྡལ་སྲིད་གཞུང་གི་རྒྱབ་སྐྱོར་འོག ལྷག་པ་དར་རྒྱས་དང་ས་གནས་དེ་གའི་མང་ཚོགས་7གྱིས“གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱི་ཁྱད་ལྡན་ཞིང་ལས་ཐོན་ཟོག་ལས་སྣོན་མཉམ་ལས་ཁང”བཙུགས་ཤིང་། མཉམ་ལས་ཁང་གིས“འཇོན་ཐང་ཅན་སྐུལ་ཁྲིད+མ་དངུལ་མ་རྐང་ནང་འཇོག་པ+ཕན་འབྲས་མཉམ་སྤྱོད”བཅས་ཀྱི་གཉེར་སྐྱོང་བྱ་ཐབས་ལ་བརྟེན་ནས་བཏུས་པའི་རི་སྐྱེས་ཐོན་ཁུངས་དག་གཅིག་གྱུར་ཐོག་ཐུམ་སྒྲིལ་བརྒྱབ་ནས་འཚོང་གི་ཡོད།

    མཉམ་ལས་ཁང་གིས་ནགས་ཁྲོད་ཐོན་ཁུངས་ལ་བརྟེན་ནས་ཡོང་འབབ་གཏོད་པ་དང་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་བརྒྱུད་ཡུལ་དེ་གའི་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་རིམ་བཞིན་ཆེ་རུ་བཏང་བ་རེད། 2019ལོར། མཉམ་ལས་ཁང་གིས་མང་ཚོགས་དབུལ་པོའི་དུད་ཚང་19ལ་འབབ་འཕར་ཡོང་བའི་སྐུལ་ཁྲིད་བྱས་པ་དང་ཆ་སྙོམས་དུད་ཚང་རེར་ཁེ་འབབ་སྒོར་4000ལྷག་ཙམ་བགོས་ཤིང་། མཉམ་ལས་ཁང་གིས་ད་དུང་འདྲེན་ཐང་གྲོང་རྡལ་གྱི་བུ་བཅོལ་ཁང་དང་། སློབ་ཆུང་། ལོ་60ཡན་གྱི་རྒན་རྒོན་བཅས་ལ་འཚམས་འདྲིའི་དངུལ་སྒོར་ཁྲི་4.5སྤྲད་པ་རེད།

    གཞན་ཡང་། ཧི་མ་ལ་ཡའི་མོག་རོ་ནི་འདྲེན་ཐང་ལུང་ཤུར་དུ་སྐྱེས་པའི་རི་སྐྱེས་ཐོན་ཁུངས་རྩ་ཆེན་གཞན་ཞིག་ཡིན་ཞིང་། དེ་འཚོ་བཅུད་ཆེ་ལ་སྨན་སྤྱོད་རིན་ཐང་ཡང་ཧ་ཅང་མཐོ་བ་མ་ཟད། ཤིན་ཏུ་དཀོན་པོ་ཡོད་པ་རེད།

    མོག་རོ་གསར་སྤེལ་དང་བེད་སྤྱོད་དེ་བས་ལེགས་པ་ཡོང་ཆེད། 2019ལོའི་ཟླ་9པར། འདྲེན་ཐང་གྲོང་རྡལ་གྱི་མོག་རོའི་རྣམ་གྲངས་ལ་རྫོང་རིམ་པས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། འདི་ལོ་རྟེན་གཞིས་མ་གནས་གཞིར་བཟུང་སྒོ་དམར་གྲོང་ཚོའི་གནས་སྤོས་དུད་ཚང་46ལ་མོག་རོ་འདེབས་འཛུགས་འགན་གཙང་སྤྲད་དེ་མོག་རོ་སོས་པ་རྒྱ་མ་རེར་ཁྲོམ་རའི་རིན་གོང་སྒོར་20བྱས་ནས་ཉོ་རྩིས་ཡོད་པ་རེད།

    “སླད་ཕྱིན། ལོ་རེར་དུད་ཚང་རེའི་མང་ཚོགས་ཚོས་ཉུང་ཤོས་ལའང་མོག་རོ་སྐྱེ་ཐུམ་1000བཏབ་ནས་མོག་རོ་སོས་པ་རྒྱ་མ་2000བསྡུ་ཐུབ། རྒྱ་མ་རེར་སྒོར་20བྱས་ན་དུད་ཚང་རེར་ལོ་རེར་ཉུང་མཐར་ཡང་འབབ་འཕར་སྒོར་ཁྲི་4རག་གི་ཡོད། སྐབས་དེ་དུས་སྒོ་དམར་གྲོང་ཚོའི་མང་ཚོགས་ཀྱི་དབུལ་སྒྲོལ་ཕན་འབྲས་སྲ་བརྟན་ཡག་པོ་ཡོང་ངེས་རེད”ཅེས་འདྲེན་ཐང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲེན་ཀྲང་ལྷག་པ་དོན་གྲུབ་ཀྱིས་གསར་འགོད་པར་བཤད་ཅིང་། ཁོང་གིས་སླད་མར་ང་ཚོས་ད་དུང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་དྲ་ཐོག་དང་དྲ་གཤམ་དུ་ཡག་པོ་བཙོངས་ཏེ་འདྲེན་ཐང་གྲོང་རྡལ་གྱི་རི་སྐྱེས་ཐོན་ཁུངས་དངོས་སུ་ཕྱི་ཕྱོགས་སུ་འཚོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།