མིག་དམར་གྲོང་ཚོ་ནི་ལྷ་རྩེ་རྫོང་གྲའུ་ཤང་དུ་ཡོད་ཅིང་། ལོ་3གྱི་གོང་དུ། གྲོང་ཚོ་དེའི་དུད་ཚང་46དང་མང་ཚོགས་244ཡིས་ས་བབ་མཐོ་ཚད་སྨི་4800ཡོད་པའི་རི་གྲོང་དུ་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་ལ། སྔོན་མ་ཁོང་ཚོ་ས་ཕག་གི་ཁང་པའི་ནང་སྡོད་ཅིང་། མི་ཕྱུགས་ཀྱིས་མཉམ་དུ་གངས་ཆུ་འཐུང་བ་དང་། གློག་ཡང་འོད་ཤུགས་གློག་ལེབ་ཆུང་ཆུང་ལ་བརྟེན་པ་མ་ཟད། ཀྱག་ཀྱོག་གི་ལམ་འཕྲང་དེ་ནི་ཕྱིར་སྐྱོད་སའི་ལམ་འབའ་ཞིག་དེ་རེད།
རང་བྱུང་ཁོར་ཡུག་ཤིན་ཏུ་ཞན་པ་དང་། ཐོན་སྐྱེད་ཐོན་ཁུངས་དབུལ་བའི་མིག་དམར་གྲོང་ཚོས་དབུལ་ཞྭ་ཇི་ལྟར་འཕུད་རྒྱུ་དེ་གྲོང་སྡོད་ལས་དོན་རུ་ཁག་དང་རྫོང་དང་ཤང་གི་ལས་བྱེད་པའི་སེམས་ནད་ཅིག་ཏུ་གྱུར།
བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་རྗེས། མིག་དམར་གྲོང་ཚོ་དེ་ཉིད་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཉིན་རེའི་གྲོས་རིམ་ནང་བཞག་ནས། འཆར་འགོད་ལྟར་གྲོང་ཚོ་ཧྲིལ་པོ་ས་བབ་དམའ་བའི་ལྷ་རྩེ་རྫོང་གི་གྲོང་གསར་གྲོང་ཁུལ་དུ་སྤོས།
ང་ཚོ་སྔ་ས་ནས་སྤོ་འདོད་ཡོད། ལོ་41ལ་སླེབས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མས་སྔོན་མ་མིག་དམར་གྲོང་ཚོར་ཆུ་དཀོན་པ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། གློག་དཀོན་པ། སྨན་བཅོས་དཀའ་བ་བཅས་ཀྱི་དཀའ་ངལ་འཕྲད་ཡོད། རི་འདབས་ཀྱི་གྲོང་ཚོ་གཞན་འཕེལ་རྒྱས་ཡག་པོ་འགྲོ་བཞིན་པ་མཐོང་སྐབས། གྲོང་ཚོའི་གྲོང་མི་མང་པོས་ཀྱང་ས་ཆ་དེ་ནས་སྤོ་འདོད་ཆེན་པོ་བྱེད།
ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་པ་བརྒྱུད། སྣོད་བཅུད་སྡོད་མལ་ལ་འཚམ་པའི“མིག་དམར་ཁུལ་ཆུང”རྫོང་གྲོང་དུ་བསྐྲུན་ཞིང་། མིག་དམར་གྲོང་ཚོའི་དུད་ཚང་46གི་མང་ཚོགས་ཚང་མ་ཐོག་སོ་གཉིས་ལྡན་གྱི་བོད་ལུགས་སྡོད་ཁང་གསར་པར་སྤོས་པ་དང་། ཁུལ་ཆུང་དུ་རིག་གནས་བྱེད་སྒོའི་ཐང་ཆེན་དང་། སྤྲོ་གསེང་ཁུལ། སྔོ་ལྗང་ཁུལ་སོགས་ཀྱང་ཡོད་པ་རེད།
དབུལ་པོའི་གནས་ལས་སྤོས་པ་དང་ཆབས་ཅིག་དབུལ་པོའི་རྩ་བ་དྲུང་ནས་འབྱིན་དགོས་པས། མང་ཚོགས་ཀྱི་འཚོ་རྟེན་ཐོན་ལས་གླིང་ཡང་དུས་གཅིག་ཏུ་བསྐྲུན་ཞིང་། གསར་འགོད་པས། ལྷ་རྩེ་རྫོང་ཞིང་ལས་དཔེ་སྟོན་གླིང་ཁུལ་དང་དབུལ་སྐྱོར་ཐོན་ལས་གླིང་ཁུལ། གནས་སྤོས་མང་ཚོགས་ཀྱི་ཁྱིམ་ཚང་བཅས་སུ་བསྐྱོད་དེ་བཅར་འདྲི་བྱས་པ་ཡིན།
ཆོས་འཕེལ་ཚེ་རིང་ནི། སྔོན་མ་མིག་དམར་གྲོང་ཚོའི་དུད་ཚང་དབུལ་ཤོས་ཤིག་རེད། ཁོང་དང་ཨ་མ་མཚམས་ཆུང་གཉིས་ལ་སྐྱ་གྲིབ་ཀྱི་ནད་ཕོག་པས། རི་ལ་ཕྱུགས་འཚོ་བ་དང་ཕྱིར་ཡོང་འབབ་གསོག་པར་བསྐྱོད་ཐབས་མེད། གནས་སྤོས་མ་བྱས་གོང་། བུ་དང་ཨ་མ་གཉིས་པོས་ལུག་6དང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད།
གསོ་སྦྱོང་བྱས་པ་བརྒྱུད། ཆོས་འཕེལ་ཚེ་རིང་ཉེ་འཁོར་ཐོན་ལས་གླིང་ཁུལ་གྱི་སློབ་གོས་འཚེམ་ཁང་དུ་བསྡུས་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ཙམ་ལེན་རྒྱུ་ཡོད། ཕྱིས་སུ་ལྷ་རྩེ་གྲོང་རྡལ་གྱི་བུ་མོ་དར་ལྷ་དང་གཉེན་སྒྲིག་བྱས་པ་དང་། དར་ལྷ་ལ་ཡང་ལོ་ལྟར་ཕྱིར་ལས་ཀ་བྱས་པའི་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ལེན་རྒྱུ་ཡོད།
“ངེད་ཁྱིམ་གྱི་ཚོང་ཁང་ཆུང་ཆུང་ནས། ལོར་ཡོང་འབབ་སྒོར་ཁྲི་1ཙམ་ཡོང་བའི་ཐོག་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་དང་རྒན་གསོའི་རོགས་དངུལ་སོགས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྣ་ཚོགས་ལེན་རྒྱུ་ཡོད་པས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ཆོས་འཕེལ་ཚེ་རིང་གིས་བཤད། ཁོང་དང་འདྲ་བའི་གྲོང་མི་མང་པོ་ཞིག་ཐོན་ལས་གླིང་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད།
2019ལོའི་ཟླ་6པར་མིག་དམར་གྲོང་ཚོའི་ནོར་ལུག་མཉམ་ལས་ཁང་དངོས་སུ་བཙུགས་ཤིང་། གྲོང་མི་ཚོས་ནོར་ལུག་དང་དེ་བཞིན་མ་དངུལ་འཇོག་པའི་བྱེད་ཐབས་སྤྱད་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་དང་ལུག་རྫི་དྲུག་གིས་མིག་དམར་གྲོང་ཚོའི་སྒོ་ཕྱུགས་འཚོ་ཡི་ཡོད། སྒོ་ཕྱུགས་ལ་གཅིག་གྱུར་བདག་སྐྱོང་དང་གཅིག་གྱུར་གཉེར་སྐྱོང་བྱས་མཐར། ལོ་མཇུག་ཏུ་མ་རྐང་མང་ཉུང་གཞིར་བཟུང་ཁེ་བཟང་བགོ་ཡི་ཡོད།
པད་མ་དང་གྲོང་མི་ཚོས་དེ་ནི་ཐབས་ཤེས་ཡག་པོ་ཤིག་ཡིན་པའི་ངོས་འཛིན་བྱེད་ཅིང་། གྲོང་ཚོ་གསར་པར་གནས་སྤོས་བྱས་རྗེས། མུའུ་ཁྲི་26ཡོད་པའི་རྩྭ་རར་གྲོང་ཚོའི་ནོར་ལུག་གཅིག་སྡུད་ཐོག་འཚོ་ཞིང་། མཉམ་ལས་ཁང་གིས་གཅིག་སྡུད་བདག་སྐྱོང་བྱེད་པར་བརྟེན། ཕྱུགས་རིགས་གང་བྱུང་འཚོ་རྒྱུ་འགོག་ཐུབ་ནས། རྩྭ་ར་རྒྱུན་མཐུད་ངང་སྤྱོད་རྒྱུ་མངོན་འགྱུར་བྱུང་བ་མ་ཟད། སྣོད་བཅུད་ཁོར་ཡུག་སྔར་བས་སྲུང་སྐྱོང་ཐུབ་ཡོད།
དེ་སྔའི་གཡང་གཟར་ཀྱག་ཀྱོག་གི་ལམ་འཕྲང་དེ་ཡང་མིག་དམར་གྲོང་ཚོའི་མང་ཚོགས་ཀྱི་ལོ་རྒྱུས་སུ་གྱུར་ལ། ད་ཆ་ཕྱོགས་བཞི་མཚམས་བརྒྱད་དུ་བསྲིངས་པའི་ཡངས་པའི་གཞུང་ལམ་གྱིས་མིག་དམར་གྲོང་ཚོའི་ན་གཞོན་ལ་འཚོ་བ་གསར་པའི་རེ་བ་སྦྱིན་བཞིན་མཆིས།