ཚེས་11ཉིན་གྱི་ཞོགས་པའི་ཉི་འོད་ཐོག་མ་ཡར་ལྷ་ཤམ་པོར་འཕྲོས་པ་དང་། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་འཕྲིན་པ་གྲོང་ཚོའི་གྲོང་མི་བཀྲ་བཟང་དང་ཡུལ་མི་སྤུན་ཟླ་ཚོ་ཁྱིམ་གྱི་སྒོ་འགྲམ་དུ་གནས་པའི་སྡོང་ཕྲུག་ར་བ་དང་འབྲས་ཤིང་ལྡུམ་རའི་རྟེན་གཞིར་བསྐྱོད་ནས་ཁོ་ཚོས་འདི་གར་ས་དོང་འདྲུ་བ་དང་། ས་ཁོད་སྙོམས་པ། འགྱིག་ཤོག་སྲབ་མོ་འདིང་བ། སྡོང་ཕྲུག་གསབ་འཛུགས་བཅས་བྱས་ནས་ལོ་ཧྲིལ་པོའི་ལས་འགོ་ཐོག་མ་དེ་བརྩམས། ལག་རྩལ་བློ་འདྲི་བ་དབང་འདུས་རྡོ་རྗེས་གསར་འགོད་པར། འདི་ལོའི་ལོ་མཇུག་བར་འདི་གར་སྡོང་ཕྲུག་རྐང་ཁྲི་100ཡི་འདེབས་གསོའི་ལས་འགན་ལེགས་སྒྲུབ་བྱེད་རྩིས་ཡོད་ཅེས་བཤད།
ཆུ་ཚོད་10པར་གྲོང་མི་ཚོས་ས་ཁོད་སྙོམས་ཤིང་། “སྡོང་ཕྲུག་དང་སྡོང་ཕྲུག་དབར་བར་ཐག་ལི་སྨི་20འཇོག་པ་དང་སའི་ནང་འཛུགས་ཚད་ལི་སྨི་10དང་ས་ངོས་སུ་འདོན་ཚད་ལི་སྨི་10ཟིན་གྱི་ཡོད། གསབ་འཛུགས་བྱས་རྗེས་ལག་པས་ས་ངོས་བཅག་བཅག་གཏོང་དགོས་ཡོད” དབང་འདུས་རྡོ་རྗེས་སྡོང་ཕྲུག་གསབ་འཛུགས་བྱེད་སྟངས་འགྲེལ་བཤད་རྒྱག་ཞོར་དུ་རྣང་མའི་ཐོག་དཔེ་སྟོན་བྱེད་ཀྱི་ཡོད། མང་ཚོགས་45ཡིས་ལག་རྩལ་གྱི་མཛུབ་ཁྲིད་དང་ལེན་བྱས་རྗེས་སོ་སོའི་ལས་ལ་བྲེལ་འགོ་ཚུགས།
ཟངས་རི་རྫོང་གི་མུའུ་སྟོང་གི་ཉི་གཞོན་སྡོང་ཕྲུག་ར་བ་དང་འབྲས་ཤིང་ལྡུམ་རའི་རྟེན་གཞི་ཡར་ཀླུང་གཙང་པོའི་ངོགས་སུ་གནས་པ་དང་། མུའུ་1017ཟིན་པ་དེ་ནི་རྫོང་དེས་བཏོད་པའི་གཙོ་གནད་སྔོ་ལྗང་དམངས་ཕྱུག་ཐོན་ལས་ཤིག་རེད། “དེ་གར་སྔོན་མ་ལ་རྒོད་ཡིན་པ་དང་ང་ཚོས་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་སྒྱུར་བཀོད་གསར་སྤེལ་བྱས་ཏེ་སྔོ་འགྱུར་སྡོང་ཕྲུག་དང་། སྣོད་བཅུད་ཤིང་འཛུགས་སྡོང་ཕྲུག དཔལ་འབྱོར་ནགས་ཚལ་གྱི་འབྲས་ཤིང་སྡོང་ཕྲུག་སོགས་ཚུད་པའི་ཤིང་སྣ་48དང་རྐང་ཁྲི་88བཏབ་པ་ཡིན”ཞེས་རྟེན་གཞིའི་འགན་འཁུར་བ་པ་སངས་ཟླ་བས་ངོ་སྤྲོད་བྱས་པ་དང་། ཁོང་གིས་2018ལོ་ནས་བཟུང་རྟེན་གཞིས་ཞིང་པར་གླ་ཆ་སྒོར་ཁྲི་600ལྷག་ཙམ་སྤྲད་ནས་དུད་ཚང་17གྱི་མི་64དབུལ་སྒྲོལ་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད་ཅེས་བཤད།
བཀྲ་བཟང་གི་ཁྱིམ་ནི་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་དང་ཧ་ལམ་ཉིན་ལྟར་རྟེན་གཞིར་གླ་པར་ཡོང་གི་ཡོད། བཀྲ་བཟང་གིས་མཛུབ་རྩིས་ཤིག་བརྒྱབ་པ་སྟེ། རང་ཁྱིམ་གྱིས་ནས་དང་གྲོ་མུའུ་8བཏབ་པ་མ་ཟད་ད་དུང་བ་གླང་མགོ་གྲངས་9དང་ར་20ལྷག་ཙམ་གསོས་ནས་ཞིང་འབྲོག་ཡོང་འབབ་སྒོར་ཁྲི་2བྱུང་བ་དང་། ཞིང་དལ་དུས་སུ་ད་དུང་རྟེན་གཞིར་ཤིང་འཛུགས་དང་ལྗང་གསོ་བྱེད་རོགས་བྱས་པར་ཉིན་རེར་གླ་ཆ་སྒོར་150ཡོད་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་6ཙམ་ཡོང་གི་ཡོད་པ་རེད།
ས་སྐྱེས་རྡོ་སྐྱེས་ཀྱི་འཕྲིན་པ་གྲོང་ཚོ་བ་པ་སངས་ཟླ་བས་གསོ་སྦྱོང་སློབ་གྲྭ་དང་། ཨར་པོ་རུ་ཁག ཇ་ཁང་བཅས་གཉེར་སྐྱོང་བྱེད་མྱོང་ཡོད་པ་དང་མཐར་ཁོང་གིས་སེམས་ནུས་དང་ལོ་མང་གི་བསགས་དངུལ་རྣམས་སྔོ་ལྗང་ཐོན་ལས་ལ་བཏང་ཡོད། ཁོང་གིས“སྔོ་ལྗང་ཐོན་ལས་ཀྱིས་བྱེ་འགོག་བྱེ་བཅོས་དང་སྣོད་བཅུད་སྲུང་སྐྱོང་ཐུབ་པ་མ་ཟད། ད་དུང་ཡུལ་མི་སྤུན་ཟླ་ཕྱུག་པོ་ཆགས་པར་སྐུལ་ཁྲིད་ཐུབ་པ་དེ་ནི་འཕེལ་ཕྱོགས་ཤིག་རེད”ཅེས་བཤད།
འཆར་གཞིར་གཞིགས་ན། རྟེན་གཞི་ནས་བཙོངས་པའི་སྣོད་བཅུད་སྡོང་ཕྲུག་ནགས་བཟོ་བྱེ་བཅོས་ལ་སྤྱོད་པ་དང་། ནགས་ཚལ་གྱི་འབྲས་ཤིང་སྡོང་ཕྲུག་ལས་མང་ཚོགས་ཕྱུག་འགྱུར་འབབ་འཕར་བྱུང་བ་མ་ཟད། སྔོ་འགྱུར་སྡོང་ཕྲུག་ལ་རི་སྐྱེས་ཁམ་སྡོང་གི་སྡོང་ཕྲུག་སྡེབ་སྒྲིག་བྱས་ནས་རི་བོ་དེ་བས་མཛེས་སྡུག་ལྡན་པར་བྱེད་དགོས། “སྐབས་དེ་དུས་རྟེན་གཞིའི་རི་འགྲམ་དང་གྲོག་རོང་མེ་ཏོག་གི་རྒྱ་མཚོ་ལྟ་བུར་འགྱུར་སྲིད”ཅེས་དབང་འདུས་རྡོ་རྗེས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་བཤད།
ཟླ་3པའི་ཟླ་དཀྱིལ་ནས་བཟུང་། བོད་ལྗོངས་ལྷོ་ཁའི་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ཤིང་འཛུགས་ནགས་བཟོ་བྱེད་འགོ་ཚུགས་པ་དང་། འཆར་གཞི་གཞིར་བཟུང་འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་ཤུག་པ་དང་། ཚེར་སྡོང་། གུར་ཀུམ་སྡོང་པོ། སྦྱར་པ་དང་རྒྱ་ལྕང་སོགས་རྐང་ཁྲི་98.56འདེབས་རྩིས་ཡོད་པར་རྒྱ་ཁྱོན་མུའུ་ཁྲི་4.68ཟིན་རྒྱུ་རེད།
ཕ་ཡུལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས་གྲོང་མི་ཕུར་བུ་ཚེ་རིང་གིས་དགའ་སྤྲོའི་ངང“སྔོ་ལྗང་ཐོན་ལས་མང་དུ་ཕྱིན་པ་དང་། རང་བྱུང་ཁོར་ཡུག་ལེགས་སུ་སོང་བ། ཕྱུག་འགྱུར་གྱི་ཐབས་ལམ་སྔར་བས་རྒྱ་ཆེར་སོང་འདུག”ཅེས་བཤད།
“ཡར་ཀླུང་གཙང་པོར་ནགས་བཟོ་བྱས་པ་ལས་རི་རྒོད་དང་བྱེ་འབུར་སྔོ་ལྗང་དུ་གྱུར་པ་མ་ཟད། མང་ཚོགས་ཕྱུག་པོར་གྱུར་སོང”ཞེས་ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་སྣོད་བཅུད་སྲུང་སྐྱོང་ཉམས་གསོ་ཁོའོ་ཡི་འགན་འཁུར་བ་བློ་བཟང་བསོད་ནམས་ཀྱིས་བཤད་པ་དང་། ཁོང་གིས་མིག་སྔར་གྲོང་ཁྱེར་ཡོངས་སུ་སྡོང་ཕྲུག་ར་བ་58ཟིན་ནས་ཉམས་མྱོང་ལྡན་པ་དང་། ལག་རྩལ་ཤེས་པ། ལག་ལེན་དུ་འཁྱོལ་ཐུབ་པ་བཅས་ཀྱི་ཞིང་པའི་བྱེ་བཅོས་དཔུང་ཁག་ཅིག་གསོ་སྐྱོང་ཐུབ་པ་དང་། “སྔོ་ལྗང་འཛུགས་སྐྲུན་ནི་རྒྱུ་ནོར་འཛུགས་སྐྲུན་བྱེད་པ་ཞིག་ཡིན་པའི”འདུ་ཤེས་མི་སེམས་སུ་བརྟན་པོར་ཟུག་ཡོད་པ་རེད།