
འདི་ནི་འཕྱོངས་རྒྱས་རྫོང་གི་མང་ཚོགས་ཀྱིས་རྫས་ལུད་དབོར་ནས་དཔྱིད་འདེབས་ཀྱི་གྲ་སྒྲིག་བྱེད་བཞིན་པ།
བོད་ཀྱི་ཞིང་འབྲོག་མང་ཚོགས་ཚོས་བྲེལ་འཚུབ་ཆེ་བའི་དུས་ཚིགས་ཤིག་སླར་ཡང་བསུས་ཏེ། ནམ་མཁའ་གཡའ་དག་པའི་འོག་ཞིང་ཆུ་གཏོང་བ་དང་ཁྱིམ་ལུད་གསོག་པ་སོགས་ཀྱི་དཀའ་སྤྱད་ངལ་རྩོལ་གྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད།
ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོའི་གྲོང་མི་ཟླ་བས་ཞོགས་པ་སྔ་པོ་ནས་སྒོ་རའི་ནང་ཐིག་ཚད་འཇལ་བ་དང་། ས་རྐོ་བ། ཆུ་རྒྱག་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད། “རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལག་རྩལ་མི་སྣས་སེའུ་དང་ཀུ་ཤུ་སོགས་ཀྱི་སྡོང་ཕྲུག་བསྐྱལ་བ་མ་ཟད་འདེབས་འཛུགས་ཐད་མཛུབ་ཁྲིད་བྱས་བྱུང”ཞེས་ཟླ་བས་བརྗོད། གྲོང་པ་ཁྱིམ་མཚེས་ཀྱིས་ཀྱང་ལྕགས་ཁྱེམ་འཁྱེར་ནས་སློབ་སྦྱོང་བྱེད་ཞོར་དུ་རོགས་པ་བྱས།
ཁང་པའི་རྒྱབ་མདུན་གཉིས་སུ་འབྲས་ཤིང་བཏབ་ཟིན་རྗེས། ཟླ་བས་རྨོད་རྒྱག་པ་དང་ལུད་བརྒྱབ་ནས་བོད་ཀྱི་ལོ་གསར་རྗེས་ཀྱི་པད་ཁ་དང་དཔྱིད་ནས་འདེབས་འཛུགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
“མིག་སྔར་མང་ཚོགས་ཀྱིས་རྨོད་རྒྱག་པ་དང་། ས་བོན་སྨན་སྦྱོར། ཁྱིམ་ལུད་གསོག་པ་སོགས་ཀྱི་དཔྱིད་གྲབས་ལས་ཀ་ཧུར་ཐག་ངང་བྱེད་བཞིན་ཡོད་པ་དང་། སྔོན་རྩིས་བྱས་ན་ཟླ་2པའི་ཟླ་མཇུག་ཏུ་རྫས་ལུད་སོགས་དངོས་ཟོག་དབོར་ནས་ཤང(གྲོང་རྡལ)ཁག་ཏུ་བགོ་བཤའ་རྒྱག་རྒྱུ་རེད། འདི་ལོ་རྫོང་ཡོངས་སུ་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་1.4བྱ་རྩིས་ཡོད་པར་རྫས་ལུད་ཏུན་534དབོར་རྒྱུ་རེད་ཅེས་སྨན་གླིང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་འཇིགས་མེད་ཀྱིས་གསར་འགོད་པར་བརྗོད་བྱུང་། ཁོང་གིས་གྲོང་གསེབ་མང་པོར་བསྟུད་མར་བརྟག་ཞིབ་ཉིན་ཁ་ཤས་བྱས་ཡོད།
མྱང་ཆུ་གཙང་པོའི་ལྷོ་ངོགས་སུ་གནས་པའི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོའི་གྲོང་མི་ཚོས་རང་ཁྱིམ་གྱི་ནས་སོན་ཞིང་འཕྲུལ་མཉམ་ལས་ཁང་གི་སྒོ་རའི་ནང་དབོར་ཏེ། རི་ལྟར་བརྩེགས་ཡོད། གྲོང་མི་བསོད་དབང་གིས་ཉིན་དེ་དག་རིང་ཆེད་ལས་ལག་རྩལ་མི་སྣའི་མཛུབ་ཁྲིད་འོག་ས་བོན་ལེགས་འདེམས་དང་སྨན་སྦྱོར་གྱི་ལས་ལ་བྲེལ་བཞིན་ཡོད་ཅེས་བཤད།
རྩེ་ཆེན་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4050ཟིན་པ་དང་། ཤང་ཡོངས་ཀྱི་ནས་འདེབས་འཛུགས་ཀྱི་གཞི་ཁྱོན་དང་ཐོན་འབབ་མང་ཤོས་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པའི་ནུབ་སྟོད་གྲོང་ཚོས་2014ལོར་ཞིང་འཕྲུལ་མཉམ་ལས་ཁང་བཙུགས་ནས། གཙོ་བོ་ནས་ཀྱི་སོན་བཟང་འདེམས་པ་དང་ས་བོན་སྨན་སྦྱོར་བྱེད་ཀྱི་ཡོད། མིག་སྔར་ས་བོན་སྨན་སྦྱོར་འཕྲུལ་འཁོར་2དང་འབྲུ་སྣུམ་ལས་སྣོན་ཁང་2སོགས་ཡོད་པར་ཁྱོན་མ་རྩ་སྒོར་ཁྲི་320ཟིན་པ། ལོ་ལྟར་ས་བོན་བཙོངས་པར་ཡོང་འབབ་སྒོར་ཁྲི་250ཟིན་གྱི་ཡོད་པ་རེད།
ནས་ནི་བོད་རིགས་མང་ཚོགས་ཀྱི་བཟའ་བཅའ་གཙོ་བོ་ཡིན་ལ་ཞིང་པ་འབབ་འཕར་ཕྱུག་འགྱུར་གྱི་ཡོང་ཁུངས་གཙོ་བོ་དེ་ཡང་རེད། 2019ལོར་བོད་རང་སྐྱོང་ལྗོངས་ནོར་སྲིད་ནས་ཞིང་ལས་སྟོབས་ཆེར་གཏོང་བ་དང་། ཞིང་པར་ཕན་འདོགས་པ། ཞིང་པ་ཕྱུག་པོ་ཆགས་པ་བཅས་ཀྱི་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་145.2སྤྲད་ནས་ཐོན་ལས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་མང་ཚོགས་དབུལ་པོའི་ཡོང་འབབ་འཕར་སྣོན་ཡོང་བ་བྱས་པ་དང་། ལོ་ཧྲིལ་པོར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་105ཟིན་པའི་ནང་ནས་ཀྱི་ཐོན་འབབ་ཏུན་ཁྲི་81.5ཟིན་ཡོད། དེ་དང་ཆབས་ཅིག་བོད་ཀྱིས་ཆེད་ལས་ཞིང་པ་4807གསོ་སྐྱོང་བྱས་པ་དང་ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་51%ཟིན་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་ས་རྒྱུ་ལེགས་བཅོས་ཀྱི་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་ས་དབོར་འདྲེན་བྱེད་མཁན་རླངས་འཁོར་མང་པོ་ཕར་འགྲོ་ཚུར་འོང་བྱེད་པ་དང་། ས་འབུར་ཆུང་ཆུང་མང་པོས་ཁེངས་ཡོད།
“ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞི་ཐོག་ཉིན་ལྟར་ཆུ་ཚོད་10ཙམ་ལས་ཀ་བྱས་ནས་མང་ཚོགས་ཀྱི་དཔྱིད་རྨོད་བདེ་བླག་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”ཨར་ལས་རྣམ་གྲངས་ཀྱི་འགན་ཁུར་བ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཉེ་དུས་ལས་མི་མང་པོའི་སྣེ་ཁྲིད་དེ་ལས་དུས་འཕར་མ་བྱས་ནས་ཟླ་4ཚེས་8ཉིན་གྱི་གོང་དུ་ལས་མཇུག་འགྲིལ་རྒྱུ་དང་ཟླ་4པའི་ཟླ་འགོར་དཔྱིད་ཆུ་གཏོང་ཐུབ་པ་བྱེད་དགོས།
བསམ་གྲུབ་རྩེ་ཆུས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་5400ལྷག་ཙམ་བཏང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་2ལྷག་ཙམ་བསྐྲུན་ཅིང་། མིག་སྔའི་བར་རྣམ་གྲངས་21%ལེགས་གྲུབ་ཟིན་ཡོད། གྲོང་ཚོ་ཚང་མས་ཁོད་སྙོམས་ཟིན་པའི་ཞིང་ཁ་ཡུག་སྦྲེལ་ཞིང་དུད་ལ་བགོས་པ་དང་། གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་གིས་གཅིག་གྱུར་རྨོད་འདེབས་བྱས་ཏེ་ཞིང་འབྲོག་པ་་དང་ལྷག་པར་དུ་དུད་ཚང་དབུལ་པོ་མང་པོ་ཞིག་ཞིང་ནང་དུ་ལས་ཀ་བྱེད་དགོས་མེད་པར་ཕྱིར་གླ་པར་བསྐྱོད་དེ་ཡོང་འབབ་གསོག་ཐུབ་པ་བྱེད་ཀྱི་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་བོད་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོས་ད་དུང་ཁྱིམ་ལུད་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཡོད། ཞིང་ནང་དང་མུ་ཁ་དེ་བཞིན་ཁང་པའི་རྒྱབ་མདུན་གང་སར་མཐོང་རྒྱུ་ཡོད་པའི་ནག་འཇོག་འཇོག་དེ་དག་ནི་ཡུལ་མི་ཚོས་བསགས་པའི་ཁྱིམ་ལུད་ཡིན་པ་དང་། མྱང་ཆུའི་འདེད་གསོག་ཐང་གཤོངས་ཁུལ་དུ་གནས་པའི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་བཀྲ་ཤིས་གྲོང་ཚོའི་ལོ་ན་49ལ་སླེབས་པའི་ཡུལ་མི་ཚེ་རིང་གིས་ཐོ་ཕྲུག་བཏང་ནས་ཞིང་ནང་དུ་ལུད་དབོར་བཞིན་ཡོད་པ་རེད།
“ལུད་དེ་དག་ནི་ཁྱིམ་ལུད་དང་རྫས་ལུད་མཉམ་བསྲེས་བྱས་པ་ཞིག་ཡིན་པས་དེ་སྤྱད་ན་ལོ་ཏོག་གི་འབྲུ་རྡོག་ཆེ་བ་དང་། སོག་མ་རིང་བ། ཕན་འབྲས་ལེགས་པ་བཅས་ཡོད”ཅེས་ཚེ་རིང་གིས་སྔ་དྲོ་ལུད་དབོར་བ་དང་ཕྱི་དྲོ་ཆུ་གཏོང་བཞིན་ཉིན་དེ་དག་རིང་དལ་ལྷོད་ལྷོད་དུ་སྡོད་ཁོམ་བྱུང་མེད། ན་ནིང་ཁོང་གི་ཁྱིམ་ཚང་གིས་ནས་མུའུ་19བཏབ་པ་ཚང་མ“ཧི་མ་ལ་ཡ་ཨང་22”དང“བོད་ནས་ཨང་2000”གི་སོན་བཟང་སྤུས་ལེགས་ཡིན་པ་དང་ཐོན་འབབ་ཀྱང་མི་དམན་བ་བྱུང་ཡོད།
གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ལྗོངས་ཡོངས་ཀྱི་ནས་འདེབས་ཁྱོན་མུའུ་ཁྲི་210ཡན་བརྟན་པོ་བྱུང་ཡོད་པས། “ཧི་མ་ལ་ཡ་ཨང་22”དང“བོད་ནས་ཨང་2000”སོགས་ནས་ཀྱི་སོན་བཟང་མུ་མཐུད་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་སོན་བཟང་ཁྱབ་ཚད་90%ཡན་ཟིན་པའི་འགན་ལེན་བྱས་ཡོད། དེ་དང་ཕྱོགས་མཚུངས་འདི་ལོ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་མུའུ་ཁྲི་75ལེགས་གྲུབ་བྱས་ནས་འབྲུ་རིགས་ཐོན་ཏུན་ཁྲི་100ཡན་ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།