དབུ་ཤོག>ཞིང་འབྲོག་གསར་པ།
  • སྒོ་འགྲམ་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྙེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-16

    མིག་དམར་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གྲའུ་ཤང་དུ་གནས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་ཞིང་ཆ་སྙོམས་ས་བབ་སྨི་4800ཡོད། འཚོ་གནས་ཁོར་ཡུག་ཞན་པ་དང་རང་བྱུང་ཐོན་ཁུངས་དཀོན་པས། དུད་ཚང་46གི་མང་ཚོགས་244ཡི་ཐོན་སྐྱེད་དང་འཚོ་བ་འགན་ལེན་མ་ཐུབ་པར་དབུལ་སྒྲོལ་གྱི་དཀའ་གནད་ཆེན་པོ་ཡོད་པ་རེད། 2016ལོའི་ཟླ་10པར། མིག་དམར་གྲོང་ཚོ་ཧྲིལ་པོ་ལྷ་རྩེ་རྫོང་གྲོང་དུ་སྤོས་པས། ས་བབ་མཐོ་བའི་རི་གྲོང་དེར་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས།

    ལོ་31ལ་སླེབས་པའི་ཆོས་འཕེལ་ཚེ་རིང་གིས་ཞོགས་པ་སྔ་པོ་ནས་ལངས་ཏེ་རང་ཁྱིམ་གྱི་ཤེལ་ཁང་དུ་མེ་ཁ་གསོས་རྗེས་ནང་མིར་ཇ་མངར་མོ་བཟོ་བའི་གྲ་སྒྲིག་བྱེད་བཞིན་མཆིས། ལོ་3གྱི་གོང་ཁོང་ཚོ་ས་བབ་སྨི་4800མོད་པའི་རི་གྲོང་དུ་འབྲོག་ལས་གཉེར་ནས་ལྟོ་རྩ་འཕྱིད་ཐབས་བྱེད་པ་དང་། རྡོ་བརྩིགས་ཀྱི་ཉེན་ཆེའི་ཁང་པའི་ནང་སྡོད་པ། མི་ཕྱུགས་གཉིས་ཀ་གངས་ཆུ་མཉམ་དུ་འཐུང་བ། གློག་གཏོང་བའི་འོད་ཤུགས་གློག་ལེབ་ཆུང་གྲས་ཤིག་ལས་མེད་པ། ཀྱག་ཀྱོག་འབར་འབུར་གྱི་ས་རྡོའི་ལམ་བུ་དེ་ནི་རི་གྲོང་ནས་ཐོན་སའི་འགྲོ་ལམ་ཉག་ཅིག་དེ་རེད།

    ས་བབ་མཐོ་བ་དང་ཐོན་སྐྱེད་དང་འཚོ་བར་དཀའ་ཚེགས་ཆེ་བའི་མིག་དམར་གྲོང་ཚོའི་ཕྱུག་འགྱུར་ཐབས་ལམ་གང་དུ་ཡོད་དམ། བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་རྗེས་མིག་དམར་གྲོང་ཚོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུའི་ལས་དོན་དེ་ཉིན་རེའི་གྲོས་རིམ་དུ་བཅུག

    ཆ་སྒམ་དང་། ཉལ་ཁྲི། འབྲུ་རིགས། ཇ་སྲུབས་འཕྲུལ་ཆས། ཁ་གདན། ཉལ་ཆས་སོགས་བླུགས་ཚར་རྗེས་གྲོང་མི་རྣམས་ཞུགས་པའི་འགྲུལ་སྐྱེལ་རླངས་འཁོར་7དང་ཐོ་ཕྲུག་རྫོང་གྲོང་གི་ཕྱོགས་སུ་ཐོན་འགོ་ཚུགས།

    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མས་སྐབས་དེ་དུས་ཀྱི་གནས་སྤོའི་གནས་ཚུལ་རྣམས་ལྷང་ངེར་དྲན་གྱི་ཡོད་པ་སྟེ། ཁོང་ཚོར་བསུ་བ་ཞུ་མཁན་ནི་རྫོང་གྲོང་གི་མང་ཚོགས་དང་སྡོད་མལ་ཆ་རྐྱེན་ལེགས་པའི“མིག་དམར་ཁུལ་ཆུང”ཡིན་ཞིང་། ཁུལ་ཆུང་དུ་རིག་གནས་བྱེད་སྒོའི་ཐང་ཆེན་དང་། སོས་དལ་ཁུལ། སྔོ་འགྱུར་ཁུལ་སོགས་གང་དགོས་ཆ་ཚང་བ་དང་། བོད་བཟོའི་ཐོག་བརྩེགས་ཉིས་ལྡན་གྱི་ཁང་གསར་ནང་ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད། གཉེར་ཚང་སོགས་ཆ་ཚང་པོ་ཡོད་པ་རེད།

    “གཞི་ནས་རང་འབབ་ཆུ་རྐ་ལ་དང་གློག་བརྟན་པོ་སྤྱོད་རྒྱུ་བྱུང་སོང”ཞེས་ཆོས་འཕེལ་ཚེ་རིང་གིས་ད་ལྟའི་འཚོ་བར་ཡིད་ཚིམས་བཞིན་དུ་དེ་ལྟར་བཤད།

    ད་ཆ་ཁོང་དང་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་གྱི་བུ་མོ་ཐག་ལགས་གཉེན་སྒྲིག་བྱས་རྗེས། ཐག་ལགས་ཀྱིས་ཕྱིར་གླ་པར་བསྐྱོད་པ་དང་། ཁོང་ཉེ་འགྲམ་གྱི་དབུལ་སྐྱོར་ཐོན་ལས་གླིང་དུ་ལས་ཀ་ཞུགས་ཡོད་པས། ལོར་གླ་ཆ་སྒོར་ཁྲི་5ལྷག་ལེན་རྒྱུ་ཡོད་པའི་ཁར་སྲིད་ཇུས་རང་བཞིན་གྱི་ཁ་གསབ་བསྣན་ན་འཚོ་བ་དེ་བས་ཇེ་ལེགས་ཇེ་བཟང་དུ་འགྲོ་ངེས་རེད།

    ད་ཆ་མིག་དམར་གྲོང་ཚོའི་མང་ཚོགས་30དབུལ་སྐྱོར་ཐོན་ལས་གླིང་གི་མཉམ་ལས་ཁང་དུ་ལས་ཞུགས་བརྟན་པོ་བྱུང་སྟེ་སྒོ་འགྲམ་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྙེད་ཡོད།

    གནས་སྤོས་རྗེས་དེ་སྔའི་མིག་དམར་གྲོང་ཚོ་གང་འདྲ་བྱས་པ་རེད་དམ་ཟེར་ན།

    “མ་གཞི་འདི་གར་སྤོས་ཀྱང་། ང་ཚོའི་འབྲོག་ར་དང་སྒོ་ཕྱུགས་ད་དུང་རང་སོར་གནས་ཡོད། ང་ཚོས་ནོར་ལུག་མཉམ་ལས་ཁང་བཙུགས་ཏེ་གཅིག་གྱུར་དོ་དམ་དང་གཉེར་སྐྱོང་བྱེད་དགོས་སྙམ་བྱུང”ཞེས་པད་མས་དེ་ལྟར་བཤད།

    2019ལོའི་ཟླ་6པར་མིག་དམར་གྲོང་ཚོའི་ནོར་ལུག་མཉམ་ལས་ཁང་དངོས་སུ་བཙུགས། གྲོང་མིས་ནོར་ལུག་དང་དེ་བཞིན་དངུལ་སྨར་བཅས་ལ་བརྟེན་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་དང་མ་རྐང་དབང་ཚད་གཞིར་བཟུང་ལོ་མཇུག་ཏུ་ཁེ་བཟང་བགོ་བཤའ་རྒྱག་གི་ཡོད། གྲོང་ཚོ་ཧྲིལ་པོར་དུད་ཚང་45དང་མི་240ཡིས་ལུག་1629དང་མ་དངུལ་སྒོར་ཁྲི་140ཙམ་མ་རྐང་ལ་བཏང་ཡོད།

    ཆོས་འཕེལ་ཚེ་རིང་གིས“ང་ཚོའི་ཁྱིམ་ནས་ལུག་6དང་དངུལ་སྨར་སྒོར་ཁྲི་1.5མ་རྐང་ལ་བཏང་བས། ལོ་ལྟར་བསྡུར་གྲངས་གཞིར་བཟུང་ཁེ་བཟང་བགོ་བཤའ་ཐོབ་ཀྱི་ཡོད”ཅེས་བཤད།

    པད་མས་ངོ་སྤྲོད་བྱས་པ་ལྟར་ན། མཉམ་ལས་ཁང་གི་ཡོང་འབབ་ནས་65%བགོ་བཤའ་རྒྱག་པ་དང་། 20%མཉམ་ལས་ཁང་འཕེལ་རྒྱས་ཀྱི་ཐེབས་རྩར་འཇོག་པ། 10%ཁྱིམ་ཚང་དབུལ་པོར་རོགས་རམ་བྱེད་པའི་ཐད་སྤྱོད་པ། དེ་བྱིངས་ཀྱི་5%གསོ་སྦྱོང་ལ་སྤྱོད་ཀྱི་ཡོད། དེ་དང་ཆབས་ཅིག་གྲོང་ཚོས་དར་རྒྱས་སོགས་མི་6ཕྱུགས་རྫིར་རེས་མོས་བཏང་བས་མི་རེར་ཉིན་རེར་གླ་ཆ་སྒོར་80ལེན་རྒྱུ་ཡོད།

    མིག་དམར་གྲོང་ཚོ་ནས་མིག་དམར་ཁུལ་ཆུང་ལ་གྱུར་པ་དང་། རྡོ་བརྩིགས་ཀྱི་ཉེན་ཆེའི་ཁང་པ་ནས་ལྟ་སྣང་དོད་པའི་བོད་བཟོའི་ཐོག་བརྩེགས་ཁང་པར་གྱུར་པ། མི་རབས་ནས་མི་རབས་བར་འབྲོག་ལས་བྱས་ནས་འཚོ་བ་འཕྱིད་ཐབས་བྱེད་པའི་རི་གྲོང་གི་གྲོང་མི་རྣམས་ཕྱུག་འགྱུར་ཐབས་ལམ་མང་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་གྱུར་ཏེ། ས་བབ་དམའ་རུ་ཕྱིན་པ་དང་འཚོ་བ་དེ་བས་སྐྱིད་སྣང་དོད་དུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།