གསར་འགོད་པ་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་འཚམས་འདྲི་བྱེད་པར་སྐྱོད་སྐབས། ངག་དབང་བསོད་ནམས་ཀྱིས་ཚོན་བཏང་ཟིན་པའི་ཁྱིམ་ཆས་ཁང་པའི་ནང་དབོར་རྩིས་བྱེད་བཞིན་ཡོད་པ་དང་། ད་དུང་ལས་མི་3གྱིས་སྒོ་ཁར་ཁྱིམ་ཆས་གཞན་དག་ལ་ཚོན་གཏོང་བཞིན་འདུག
ངག་དབང་བསོད་ནམས་དང་ཐོག་མར་འཕྲད་སྐབས། ཁོང་གིས་འགོ་སྣམ་གྱི་སྟོད་གོས་ཐལ་མདོག་ཞིག་དང་ཉིའུ་ཙེའི་གོས་ཐུང་ཞིག་གྱོན་འདུག་པས། ཕར་ལྟ་དུས་གྲུང་ཤ་དོད་པོ་ཞིག་འདུག གསར་འགོད་པ་མཐོང་རྗེས་ངག་དབང་བསོད་ནམས་ཀྱིས་སེམས་རྩ་འཁོལ་པོས་གསར་འགོད་པ་ཚོན་བཏང་ཟིན་པའི་ཁྱིམ་ཆས་ལ་ལྟ་བར་ཁྲིད་པ་དང་འབྲེལ་གསར་འགོད་པར་རང་ཉིད་ཀྱི་ལས་མི་ངོ་སྤྲོད་བྱས་ཤིང་། ཁོང་གིས“ཁོ་ཚོ་གསུམ་ནི་རྒྱལ་རྩེ་རྫོང་ནས་རེད། ང་ཚོའི་འདི་གར་འདིའི་ཐད་ཀྱི་ལག་རྩལ་ཤེས་མཁན་ཧ་ཅང་དཀོན་པས་ང་ཚོའི་ཀུང་སིའི་ལས་མི་མང་ཆེ་བ་ཕྱི་ལོག་ནས་གླས་པ་ཤ་སྟག་རེད། ངའི་ཁྱིམ་ཆས་ཚང་མ་ཁོ་ཚོར་འགན་གཙང་སྤྲད་དེ་བཟོ་རུ་འཇུག་གི་ཡོད་པས་ལས་ཀ་མང་ན་ཐོབ་ཆ་ཡང་མང་བ་ཡོད”ཅེས་བཤད་བྱུང་།
“ང་འདི་གར་སླེབས་ནས་ཟླ་གཅིག་ལྷག་ཙམ་ཕྱིན་སོང་། ངས་ལག་ཤེས་འདི་སྦྱངས་ནས་ལོ་ཉི་ཤུ་ལྷག་ཙམ་ཕྱིན་སོང་། ངའི་བསམ་པར་འདི་གར་ལས་ཀ་བྱས་ན་ས་ཆ་གཞན་ལས་ཡོང་འབབ་མང་བ་འདུག ད་དུང་སྦྱིན་བདག་ཁོང་ཡང་མི་ཡག་པོ་ཞིག་འདུག ལོ་གསར་འཆར་ཉེའི་མཚམས་སུ་ཁྱིམ་ཆས་མངགས་མཁན་མང་པོ་འདུག་པས་ང་ཚོས་ཉིན་ལྟར་དུས་ཚོད་དམ་འཛིན་གྱིས་ལས་ཀ་ཧུར་ཐག་བྱེད་བཞིན་ཡོད”ཅེས་ལས་མི་ཕུན་ཚོགས་ཀྱིས་གསར་འགོད་པར་བཤད་བྱུང་།
འདི་ལོ་ལོ་30ལ་སླེབས་པའི་ངག་དབང་བསོད་ནམས་ནི་རྒུ་རུམ་གྲོང་རྡལ་ལྕགས་རུ་གྲོང་ཚོ་ཚོགས་ཆུང་གསུམ་པའི་ཡུལ་མི་ཡིན་པ་དང་། ཁོང་གི་གཅུང་པོ་གཅིག་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་། གཅུང་པོ་གཞན་ཞིག་དུས་ཡུན་རིང་པོ་ཕྱིར་གླ་པར་རྒྱུག་གི་ཡོད་པས་གཏན་འཇགས་ཀྱི་དཔལ་འབྱོར་ཡོང་འབབ་མེད། ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ངག་དབང་བསོད་ནམས་གཅིག་པུར་རྟེན་དགོས་ཤིང་། ཁོང་རང་ཉིད་ཀྱི་ཕྲུ་གུ་ཆུང་ཆུང་གཉིས་ཀྱང་ད་ཆ་བུ་བཅོལ་ཁང་དུ་འགྲོ་བཞིན་ཡོད།
“ང་རང་ཁྱིམ་གྱི་བུ་རྒན་ཤོས་ཡིན་པས་ངའི་བསམ་པར་སྔ་ཙམ་ཕྱིར་གླ་པར་བསྐྱོད་ནས་ང་ཚོའི་ཁྱིམ་ཚང་ལ་ཡོང་འབབ་ཏོག་ཙམ་བྱུང་ན་བསམ་གྱི་འདུག”ཅེས་ངག་དབང་བསོད་ནམས་ཀྱིས་བརྗོད། ལོ་13ནི་རྩེད་འཇོར་རོལ་བའི་བྱིས་པའི་ལོ་ཚོད་ཡིན་མོད། འོན་ཀྱང་ངག་དབང་བསོད་ནམས་ཀྱིས་སྔ་ས་ནས་རང་ཁྱིམ་གྱི་ཁུར་པོ་ཕྲག་ཏུ་ཁུར་ཏེ་རང་ཉིད་གཅིག་པུ་ཉིང་ཁྲིར་གླ་པར་བསྐྱོད་ནས་གླ་པའི་འཚོ་བ་སྐྱེལ་འགོ་ཚུགས། ཁོང་གིས་དབྱར་རྩྭ་དགུན་འབུ་རྐོ་མྱོང་ཡོད་ལ་ཚལ་ཚོང་བ་དང་ས་ཕག་དབོར་བ་སོགས་ཀྱི་ལས་ཀ་ཡང་བྱེད་མྱོང་ཡོད། དེ་དག་ཐམས་ཅད་ནི་རང་ཉིད་ཀྱི་ནང་མིར་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་དུ་འཇུག་ཆེད་རེད། ལོ་21ལ་སླེབས་སྐབས་ཁོང་གཞི་ནས་ཕ་ཡུལ་དུ་ཕྱིར་ལོག་པ་རེད།
2015ལོར་ངག་དབང་བསོད་ནམས་ཀྱི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་དུད་ཚང་དུ་བཅུག་པ་དང་འབྲེལ་2016ལོའི་ལོ་མཇུག་ཏུ་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་བཟང་མོ་གྲོང་ཚོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་བྱས་པ་དང་། 2017ལོའི་ལོ་མཇུག་ཏུ་བཀོད་སྒྲིག་བྱ་ཡུལ་དུ་བོད་ཟས་ཁང་ཞིག་བཙུགས་པ་རེད།
ལོ་དང་པོ་ཁོ་ནར་ངག་དབང་བསོད་ནམས་ཀྱིས་བུ་ལོན་ཚང་མ་གཙང་མར་འཇལ་བ་རེད། དེ་རྗེས་ཁོང་གིས་རྒྱ་མོ་གྲོང་ཚོའི་དབུལ་སྒྲོལ་ཐུབ་མེད་པའི་མང་ཚོགས་ཁྲོད་ནས་ཞབས་ཞུ་བ་དང་མ་བྱན་བསྡུས་ཏེ་ཟླ་རེར་དུས་བཀག་ལྟར་ཁོ་ཚོར་གླ་ཆ་སྤྲད་དེ་ཡུལ་མི་ཚོར་ཕྱུག་འགྱུར་གྱི་ལམ་ཞིག་འཚོལ་རོགས་བྱས་ཡོད་པ་རེད།
ལས་གཏོད་ཀྱི་ཉམས་མྱོང་ཆེན་པོ་ལྡན་རྗེས། 2019ལོར་ཁོང་གིས་སླར་ཡང་ཁྱིམ་ཆས་ཀུང་སི་ཞིག་བཙུགས་པ་དང་འབྲེལ། མང་ཚོགས་དབུལ་པོ(ཚོན་གཏོང་མཁན་དང་ཤིང་བཟོ་བ)དྲུག་ལས་མིར་བསྡུས་ནས་ཟླ་རེར་དུས་ཐོག་ཏུ་ཁོ་ཚོར་གླ་ཆ་སྤྲོད་ཀྱི་ཡོད་པ་རེད།
རྒུ་རུམ་གྲོང་རྡལ་དུ་ངག་དབང་བསོད་ནམས་ཀྱི་སྐོར་གླེང་སྐབས། “སྒུག་རྟེན་སློང་གསུམ”མི་བྱེད་པའི་ཁོང་གི་བསམ་བློ་དང་བློ་ཁོག་ཆེན་པོས་ཕྱུག་འགྱུར་ལམ་བུར་སྐྱོད་པའི་སྙིང་སྟོབས་ལ་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རང་ཁྱིམ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་མ་ཟད། ད་དུང་ཡུལ་མི་ཚོའི་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་ཤིང་། 2017ལོར་ངག་དབང་བསོད་ནམས་ལ“ལྗོངས་ཡོངས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་དཔེ་བཟང་འཐུས་མིའི”གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
ད་ཆ་ཁྱིམ་ཆས་ཀུང་སིའི་དབོར་འདྲེན་ཚོང་གཉེར་ཀྱི་ལས་ཀ་ངག་དབང་བསོད་ནམས་རང་ཉིད་ཀྱིས་འགན་འཁུར་བ་དང་། བཟའ་ཟླས་བོད་ཟས་ཁང་ཚོང་གཉེར་ཡག་པོ་བྱེད་བཞིན་ཡོད་པས་ངག་དབང་བསོད་ནམས་ཀྱི་ནང་མིའི་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བཞིན་འདུག
“གུང་ཁྲན་ཏང་གི་བཀའ་དྲིན་དང་དུས་རབས་གསར་པར་བརྟེན་ནས་ང་རང་ཕྱུག་འགྱུར་ལམ་དུ་སྐྱོད་ཐུབ་སོང་། ངས་མུ་མཐུད་རང་ཉིད་ཀྱི་ཁྱིམ་ཆས་ཀུང་སི་དང་བོད་ཟས་ཁང་ཚོང་གཉེར་ཡག་པོ་བྱས་ཏེ་སླད་ཕྱིན་ལྷ་སར་ཡང་ཁྱིམ་ཆས་ཀུང་སི་ཞིག་འཛུགས་རྩིས་ཡོད”ཅེས་ངག་དབང་བསོད་ནམས་ཀྱིས་མ་འོངས་པར་རེ་བས་ཁེངས་བཞིན་དུ་བཤད་བྱུང་།