དབུ་ཤོག>ཞིང་འབྲོག་གསར་པ།
  • དཔའ་ཤོད་རྫོང་གཤས་པ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་ཚོས་དཔྱིད་དུས་དྲོ་སྐྱིད་སྦྱིན། དུས་བསྟུན་འབད་འཐབ་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-02

    ཉེ་ཆར། དཔའ་ཤོད་རྫོང་གཤས་པ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་གང་སར་དཔྱིད་གསར་གྱི་རྣམ་པས་ཁེངས་ཞིང་། གཤས་པའི་དམངས་ཕན་ཤ་མོག་ཟ་ཁང་ནང་ཤ་མོག་ཉོ་བར་ཡོང་མཁན་ཧ་ཅང་མང་པོ་ཡོད་པས་བྱམས་པ་རིན་ཆེན་དང་ཁོང་གི་བཟའ་ཟླ་ཤེས་རབ་སྒྲོལ་མ་གཉིས་བྲེལ་འཚུབ་ཀྱིས་ཁེངས་ཡོད།

    གཤས་པ་དམངས་ཕན་ཤ་མོག་ཟ་ཁང་ནི་ཐང་དཀར་གྲོང་རྡལ་ནས་སྤོས་པའི་མང་ཚོགས་ཀྱིས་བཀོད་སྒྲིག་ས་ཚིགས་དེའི་ནང་བཙུགས་པའི་དབུལ་སྐྱོར་ཟ་ཁང་ཞིག་ཡིན་པ་དང་། ཕྱུག་འགྱུར་སྣེ་འཁྲིད་པ་ཞིག་ཡིན་པའི་བྱམས་པ་རིན་ཆེན་གྱིས་ཐང་དཀར་གྲོང་རྡལ་གྱི་འགོ་ཁྲིད་དང་ལས་དོན་པའི་གྲོས་འགོའི་འོག་ཟ་ཁང་དེ་བཙུགས་པ་ཞིག་རེད།

    2019ལོའི་ཟླ་12པར་གཤས་པ་དམངས་ཕན་ཤ་མོག་ཟ་ཁང་གཉེར་འགོ་ཚུགས་ཡོད།

    ཚོང་ཁང་ཞིག་གཉེར་སྐྱོང་ཡག་པོ་བྱེད་དགོས་ཚེ། ངེས་པར་དུ་ཁ་ལག་ཕུན་སུམ་ཚོགས་པོ་དགོས། རྒྱུན་དུ་ཁ་ལག་བཟོ་རྒྱུར་དགའ་བའི་ཤིས་མཚོ་སྒྲོལ་མས་ཁོང་ཚོའི་ཟ་ཁང་ལ་ཤ་མོག་གཅིག་པོ་ཡིན་པར་དམིགས་ནས་བྱམས་པ་རིན་ཆེན་ལ་སུར་པན་བཟོ་སྟངས་བསླབ་པ་མ་ཟད། ད་དུང་ཁོང་ཚོར་གྲང་ཐུག་དང་རྒྱ་ཐུག་སོགས་སིལ་ཟས་བཟོ་སྟངས་བསླབ་པ་རེད། དེ་རྗེས་བྱམས་པ་རིན་ཆེན་གྱི་ཟ་ཁང་ནང་སིལ་ཟས་སྣ་ཚོགས་བཟོས་པས་ཟ་མཁན་ཡང་ཇེ་མང་དུ་སོང་ཡོད་པ་རེད།

    ཟ་མཁན་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་བྱམས་པ་རིན་ཆེན་བཟའ་ཚོ་གཉིས་ཀྱིས་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་རོགས་པར་སྐད་བཏང་སྟེ་ཉིན་རེར་གླ་ཆ་སྒོར་200རེ་སྤྲོད་ཀྱི་ཡོད་པ་རེད།

    ཤ་མོག་ཟ་ཁང་ནང་རྟག་པར་ཡོང་མཁན་བཀྲ་ལྷ་ཆོས་གྲུབ་ཀྱིས“ཟ་ཁང་འདིའི་ཤ་མོག་དང་ཅའོ་ཙེ་ཙམ་མ་ཟད། སིལ་ཟས་གཞན་དག་ཀྱང་བྲོ་བ་ཞིམ་ལ་རིན་གོང་ཡང་འཚམ་པོ་འདུག”ཅེས་མཐེ་བོང་སྒྲེང་ནས་བསྔགས་བརྗོད་བྱས།

    ད་ཆ་གྲོང་མི་མང་པོའི་ལྟ་བར་འགྱུར་ལྡོག་ཕྱིན་ནས་ཕྱུག་འགྱུར་ཐད་གཞན་སྐུལ་ནས་རང་འགུལ་བར་འགྱུར་ཐུབ་ཡོད། ངས་ལས་ཞུགས་བྱེད་འདོད་ཡོད་པའི་གྲོང་མི་ཐོ་འགོད་བྱས་ཏེ་ཁོང་ཚོར་འཚམ་པའི་ལས་གནས་ཡོད་ཚེ་འཕྲལ་མར་ཁ་པར་རྒྱག་གི་ཡོད། ད་ཆ་ལས་ཞུགས་བྱེད་འདོད་ཡོད་པའི་མང་ཚོགས་ཇེ་མང་དུ་འགྲོ་བཞིན་འདུག་པས་སླད་ཕྱིན་བཀོད་སྒྲིག་ས་ཚིགས་ཀྱི་གནས་སྤོས་མང་ཚོགས་ཚང་མས་རང་ཉིད་ཀྱི་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་ཤིས་མཚོ་སྒྲོལ་མས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།