དབུ་ཤོག>ཞིང་འབྲོག་གསར་པ།
  • སྣ་མཁར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་དམངས་ལ་འབབ་འཕར་ཡོང་བར་རམ་འདེགས་བྱེད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-31

    མཚུར་ཕུ་རོང་དུ་ཆགས་པའི་སྣ་མཁར་གྲོང་ཚོར་སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། མཉམ་སྡེབ་དཔལ་འབྱོར་ཉམས་ཞན་ཡིན་པ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་བལྟོས་བཅས་ཀྱིས་ཞན་པས་ལོ་འཁོར་མོར་ངལ་རྩོལ་གྱི་གཏོང་སྒོ་དང་ཡོང་འབབ་ཀྱི་བསྡུར་ཚད་སྙོམས་ཀྱི་མེད། 2017ལོར་སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་འོག སྣ་མཁར་གྲོང་ཚོའི་མཉམ་ལས་ཁང་ལྔ་དང་གྲོང་ཚོ་ཨུ་ལྷན་གྱིས་གྲོས་མོལ་བྱས་པ་བརྒྱུད། སྣ་མཁར་གཞིས་ཀའི་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་པས་མཉམ་སྡེབ་དཔལ་འབྱོར་ལ་འཕེལ་རྒྱས་དང་ཞིང་འབྲོག་པར་འབབ་འཕར་བྱུང་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཀུང་སི་དེས“ཁེ་ལས+རྟེན་གཞི+མཉམ་སྡེབ+ཞིང་འབྲོག་པ་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་བརྒྱུད། ཀུང་སི་དང་མཉམ་ལས་ཁང་རྩ་འཛུགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཁྲོམ་རའི་ཐོག་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་བཅས་བྱས་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཁྲོམ་རའི་དགོས་མཁོ་དང་འཚམ་ལ་ཀུང་སིའི་འཕེལ་རྒྱས་དང་འཚམ་པའི་འགྲོ་ལམ་འཚོལ་ཞིབ་བྱས་པ། གསར་གཏོད་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཐོན་རྫས་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་གསར་བརྗེ་བྱས་ཏེ་སྔོན་ཐོན་ལག་རྩལ་དང་ཤེས་ལྡན་པ་ནང་འདྲེན་བྱས་པ་དང་། ཁེ་ལས་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བརྒྱུད། དེང་རབས་ཅན་གྱི་ཁེ་ལས་ཀྱི་ལམ་ལུགས་འཛུགས་པ་དང་སྲིད་གཞུང་གི་ཚད་ལོན་བཟའ་བཅའ་གཉེར་སྐྱོང་བྱེད་པ་མཚོན་བྱེད་དུ་བྱེད་པའི་ལས་སྟེགས་བསྐྲུན་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། གྲོང་མི་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད། མིག་སྔར། ཀུང་སི་དེས་སྣ་མཁར་གཞིས་ཀའི་རླུང་སྐམ་ཚགས་ཤ་དང་། བོད་ལྗོངས་གཡང་སྒོག་ཏིང་སུར་པན། ཕ་ཡུལ་མཚུར་ཕུའི་སྤོས། མཁར་སྟོད་ཀྱི་རྩམ་པ་བཅས་གཙོ་བོ་ཚོང་གཉེར་བྱེད་ཀྱི་ཡོད་པ་དང་། དེ་བཞིན་འགན་གཙང་གཉེར་སྐྱོང་དང་། ལག་རྩལ་བློ་འདྲི། རིགས་སྣ་ཚོགས་ཀྱི་ལྷད་མེད་ཁྱད་ལྡན་ཐོན་རྫས་ཀྱི་ལས་སྣོན་ཕྱིར་ཚོང་དང་ཁྱབ་གདལ་གཏོང་བ་སོགས་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེས་རང་ངོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕར་བ་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་སོགས་ཐད་ནས་འགོ་བཙུགས་ཏེ། ཐབས་ལམ་སྣ་ཚོགས་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་བ་དང་། གསར་འབྱེད་དང་། གསར་གཏོད། ལས་ཕྱོད། མཐུན་སྒྲིལ་བཅས་ལ་ཁྲིད་སྟོན་ཧུར་ཐག་བྱེད་པའི་རྨང་གཞིའི་ཐོག ཀུང་སིའི་གཉེར་སྐྱོང་ལས་ཕྱོད་སྔར་བས་ཆེ་རུ་བཏང་ཡོད། 2017ལོར་ཀུང་སིའི་གཉེར་སྐྱོང་ཡོང་འབབ་བསྡོམས་སྒོར་ཁྲི་190ཟིན་པ་དང་། ཁེ་གཙང་ཡོང་འབབ་སྒོར་ཁྲི་53ཟིན་པས་ཀུང་སིས་སྒོར་ཁྲི་30ལྷག་ཙམ་བཏོན་ནས་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་པ་1680ལྷག་ཙམ་ལ་བགོས་པ་དང་། 2018ལོར་ཀུང་སིའི་གཉེར་སྐྱོང་ཡོང་འབབ་བསྡོམས་སྒོར་ཁྲི་430ཟིན་པ་དང་། ཁེ་གཙང་ཡོང་འབབ་སྒོར་ཁྲི་108ཟིན་པས་ཀུང་སིས་སྒོར་ཁྲི་86.05བཏོན་ནས་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་པ་1721ལ་བགོས་ཡོད། དེ་དང་ཆབས་ཅིག་ཀུང་སིས་ད་དུང་ཕ་ཡུལ་དུ་ཕྱིར་ལོག་བྱས་པའི་སློབ་གྲྭ་ཆེ་མོ་བ་བསྡུ་ལེན་བྱས་ནས་ཁོང་ཚོར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་བརྟན་པོ་ཐུབ་པར་བྱས་ཡོད།

    སྣ་མཁར་གཞིས་ཀའི་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀརྨ་བསོད་ནམས་ཀྱིས་གསར་འགོད་པར། “གོམ་སྟབས་རྗེས་མར་སྣ་མཁར་གཞིས་ཀའི་ཚོང་དོན་ཚད་ཡོད་ཀུང་སིས་ནང་ཁུལ་དུ་ཐོན་ཁུངས་ལེགས་གཏོང་དང་ཐོན་ལས་འཕེལ་རྒྱས་ལེགས་སྒྲིག་བྱས་ཏེ་གྲོང་གསེབ་དར་རྒྱས་དང་ཟུང་འབྲེལ་བྱས་ནས། སྣ་མཁར་གཞིས་ཀའི་འབྲོག་རའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྔར་བས་མང་དུ་བཏང་ནས་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ཡུལ་སྐོར་རིག་གནས་སྡེ་ཚན་དང་འབྲེལ་མཐུད་བྱས་ཏེ་མཚུར་ཕུ་རོང་གི་ལོ་རྒྱུས་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔར་བས་གསེད་བཀྲོལ་བྱས་ཏེ་རོང་ཁུལ་གྱི་སྣ་མང་ཕུན་སུམ་ཚོགས་པའི་མངོན་མེད་ནུས་ལྡན་གྱི་གསར་སྤེལ་མཛེས་ལྗོངས་ཁུལ་སྔོག་འདོན་གཏིང་ཟབ་བྱེད་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་མཉམ་ལས་བྱས་ཏེ། གསར་སྤེལ་བྱེད་སྟངས་ཆ་ཚང་ལ་བརྟེན་ནས་ཉེ་འདབས་ཀྱི་ཡུལ་སྐོར་ལམ་ཐིག་རྩེར་སོན་གཏོད་དེ་མཚུར་ཕུ་རོང་གི་ཞིང་འབྲོག་མང་ཚོགས་སྔ་ཙམ‘ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་ཐུབ་པ’བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཁྲོམ་རའི་ཕྱོགས་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲོམ་རའི་ཐོག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་འགྲན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ‘གནམ་སྔོན་འོག་གི་ལྷད་མེད་བོད་ཀྱི་བྲོ་བ’གཏོད་རྒྱུ་དང་། ཀུང་སིའི་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པའི་དོ་དམ་ལམ་ལུགས་དང་དོ་དམ་ཤེས་ལྡན་པ་ནང་འདྲེན་ཧུར་ཐག་བྱས་ཏེ་ཀུང་སིའི་འབྲེལ་ཡོད་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་མུ་མཐུད་འབད་འཐབ་ཀྱིས་བདེ་སྐྱིད་དང་ཞི་མཐུན་གྱི་མཛེས་སྡུག་ལྡན་པའི་གྲོང་སྡེ་མཉམ་དུ་གཏོད་རྒྱུ་རེད”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།