མང་ཚོགས་དབུལ་པོས“སྒུག་བརྟེན་སློང་གསུམ”གྱི་བསམ་བློར་འགྱུར་ལྡོག་གཏོང་བར་སྔར་བས་སློབ་གསོ་ཁྲིད་སྟོན་དང་། འབད་འབུངས་ཧུར་ལེན་དང་། ལས་བརྩོན་འབད་འཐབ། དཀའ་སྤྱད་ལས་གཏོད་བཅས་བྱེད་པའི་མང་ཚོགས་དབུལ་པོའི་སྙིང་སྟོབས་འཕེལ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། སོག་རྫོང་གིས“བློ་སྐྱོར་རིག་སྐྱོར”འཛིན་གྲྭ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ དབུལ་སྐྱོར་བྱ་ཐབས་བཅས་ཟུང་འབྲེལ་ནུས་ལྡན་བྱས་ནས། བསམ་བློའི་དབུལ་སྒྲོལ་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་ངང་བསྒྲུབས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
སོག་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་གནད་བསྡུས་དང་། དབུལ་སྐྱོར་སྲིད་ཇུས་ཀྱི་སྒྲོག་འགྲེལ་གནད་བསྡུས་སོགས་བོད་རྒྱ་སྐད་གཉིས་ཀྱི་རྣམ་པའི་ཐོག་ནས་སྒྲ་ཕབ་བྱས་པ་དང་ཆབས་ཅིག “དྲ་འཕྲིན་གྱི་སོག་རྫོང”དང་། ཤང་དང་གྲོང་རྡལ་ཁག་གི་སྐད་འཕྲིན་སྤྱི་རྟགས་དང་དེ་བཞིན་ཁྱབ་ཁོངས་ཁག་གི་སྐད་འཕྲིན་སྤེལ་རེས་གྲོགས་ཚོགས་དང་། ལས་ཀའི་གྲོགས་ཚོགས་ཁྲོད་བརྒྱུད་བསྐུར་དང་སློབ་སྦྱོང་བྱས་པ། ཁྲིམས་ལུགས་དྲིལ་བསྒྲགས་དང་། ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས། དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བཅས་ཟུང་འབྲེལ་ནུས་ལྡན་བྱས་པས་སློབ་སྦྱོང་དང་། ལག་ལེན་ཆེན་པོའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། དེ་དང་ཕྱོགས་མཚུངས། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཚང་མས“བློ་སྐྱོར་རིག་སྐྱོར”འཛིན་གྲྭ་གཞི་རྟེན་དུ་བྱས་ཏེ། སྲིད་ཇུས་སྒྲོག་འགྲེལ་ཚོགས་ཆུང་དང་། དྲིན་ཚོར་སློབ་གསོའི་སྒྲོག་འགྲེལ་ཚོགས་ཆུང་བཙུགས་པ་དང་། སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་རང་འགུལ་ངང་དབུལ་ཕོངས་ལས་སྒྲོལ་བའི་མང་ཚོགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐད་རིག་སྟོབས་ཀྱི་རྒྱབ་སྐྱོར་ཐུབ་ཡོད་པ་རེད།
སོག་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། 《སོག་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་གི་མཛུབ་ཁྲིད་ལག་བསྟར་བསམ་འཆར》བཏོན་ཏེ། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་བ་དང་ཤེས་དཔལ་དང་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་གོང་དུ་བཀུར་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། མིག་སྔར། རྫོང་ཡོངས་ཀྱི་དུད་ཚང་དབུལ་པོ་དང་མང་ཚོགས་ཕལ་པའི་ཁྱིམ་ཚང་གང་དུ་ཡིན་ཡང་གཙང་སྦྲ་ལེགས་ཤིང་ཅ་དངོས་ཚང་མ་གྲལ་སྟར་འགྲིག་པོ་ཡོད་པས་ཤེས་དཔལ་ཐད་གཞན་སྐུལ་ནས་རང་འགུལ་དུ་རིམ་པས་གྱུར་ཡོད།