ཉེ་བའི་ལོ་ཤས་རིང་། དཔལ་འབར་རྫོང་གིས་མང་ཚོགས་དབུལ་པོར་དམ་པོར་དམིགས་ཤིང་། ས་གནས་དེ་གའི་ས་མ་འབྲོག་གི་དོན་དངོས་ལ་གཞི་ཚུགས་ཏེ་ཐོན་ལས་འཕེལ་རྒྱས་བཏང་བ་དང་། མང་ཚོགས་དབུལ་པོ་སྒྲིག་འཛུགས་ཀྱིས་ཐོན་ལས་རྣམ་གྲངས་ལག་བསྟར་ནང་ཧུར་ཐག་ཞུགས་པ་དང་། མང་ཚོགས་ཚོའི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་ཡངས་སུ་བཏང་ནས་མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཏེ་རྒྱུན་མཐུད་འབབ་འཕར་མངོན་འགྱུར་ཐུབ་པ་རེད།
ཐོན་ལས་འཕེལ་རྒྱས་ཀྱིས་ཞིང་འབྲོག་མང་ཚོགས་རྒྱུན་མཐུད་འབབ་འཕར་ལ་སྐུལ་ཁྲིད་མ་ཐུབ་པའི་གནད་དོན་སེལ་ཆེད། ཕྱོགས་གཅིག་ནས་དཔལ་འབར་རྫོང་གི་གྲོང་གསེབ་ཁག་གིས་དོན་དངོས་ནས་འགོ་བཙུགས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་ལས་རྣམ་གྲངས་འཆར་འགོད་གཏན་འཁེལ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཤང(གྲོང་རྡལ)ཁག་གིས་མང་ཚོགས་ཚོའི་འདོད་འདུན་ཡོད་པའི་རྣམ་གྲངས་ཕྱོགས་བསྡུས་ཀྱིས་རྫོང་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་པ་དང་། རྫོང་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་ཁོངས་གཏོགས་འགན་དབང་ལ་གཞིགས་ཏེ་རྣམ་གྲངས་ཀྱི་བྱེད་འཐུས་རང་བཞིན་ལ་རིམ་པ་བཞིན་ཞིབ་དཔྱད་བྱས་ཤིང་། ལུགས་མཐུན་ཕན་ཆེའི་རྩ་དོན་ལ་གཞིགས་ནས་བཀོད་སྒྲིག་དང་རྣམ་གྲངས་ཧུར་ཐག་བཙུགས་ཡོད།
དཔལ་འབར་རྫོང་གི་ཐོན་ལས་འཆར་འགོད་ཀྱི་ནང་དོན་གཞིར་བཟུང་། རྫོང་ཡོངས་ཀྱིས་ཞིང་འབྲོག་མང་ཚོགས་ཚོ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་བོད་གྲོ་དམར་པོ་དང་ནས་ཀྱི་འདེབས་འཛུགས་གཞི་ཁྱོན་ཆེར་གཏོང་དང་། འབྲི་གཡག་དང་། ར་ནག་པོ། བོད་བྱ། བོད་ཕག་བཅས་བཤས་གཏོང་ཚད་ཆེར་གཏོང་། ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཆུ་ཚད་ཆེར་གཏོང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཞོར་སྣོན་རིན་ཐང་མཐོར་གཏོང་བཅས་ལ་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ཤིང་། ད་ཆ་བོད་གྲོ་དམར་པོའི་གྲོ་ཆག་དང་། བོད་གྲོ་དམར་པོའི་གྲོ་ཞིབ། ནས་དཀར་རྩམ་པ། གངས་ལྷ་མེ་ཏོག སྙི་བ། གྲོ་མ། པད་ཁའི་སྣུམ་བཅས་ས་མཐོའི་སྣོད་བཅུད་ཀྱི་ཁྱད་ལྡན་ཐོན་རྫས་རེ་རེ་དཔལ་འབར་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི“ལམ་འབྱེད་པར”གྱུར་བ་དང་། དཔལ་འབར་རྫོང་གིས“མདོག་གསུམ་མཚོ”ཡི་ཚོང་རྟགས་དཀྱུས་མ་དང་། “དཔལ་འབར་གྱི་སྙི་བ” “དཔལ་འབར་གྱི་བོད་གྲོ་དམར་པོ”བཅས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་བདེ་བླག་ངང་ཐོ་བཀོད་བྱས་ཏེ་ས་གནས་དེ་གའི་མིང་བྱང་རིམ་བཞིན་བཏོད་པ་རེད། མིག་སྔར་ཐོན་རྫས་7དྲ་ཐོག་ཚོང་ཁང་དུ་ཕྱིར་ཚོང་བྱེད་ཀྱི་ཡོད་ལ། མང་ཚོགས་ཀྱིས་དྲ་ཐོག་ཚོང་ཁང་བརྒྱུད་ཞིང་ཕྱུགས་ཐོན་རྫས་ཕྱིར་བཙོངས་ཏེ་ཁེ་བཟང་སྒོར་ཁྲི་བཅུ་ལྷག་ཙམ་བྱུང་ཡོད།
རང་བྱུང་ཐོན་ཁུངས་ཕུན་སུམ་ཚོཌ་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་གྲོང་ཚོར་དམིཌ་ནས་དཔལ་འབར་རྫོང་གིས་གྲོང་ཚོའི་ཐོན་ལས་སྐྱེད་སྲིང་བྱས་ཤིང་། “གྲོང་ཚོ་རེར་སྤུས་རྟགས་རེ”བཏོད་པ་རེད། དཔེར་ན་མཚོ་ཁ་གྲོང་རྡལ་དབང་མཁར་གྲོང་ཚོའི་བྲག་དཀར་རང་བྱུང་འཐུང་ཆུ་དང་གཏེར་ཆུ་བཟོ་གྲྭ་ནི་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གི་མཛུབ་ཁྲིད་འོག་བཙུགས་པ་དང་། 2015ལོའི་ཟླ་5པ་ནས་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་བཙུགས་པར་ཟླ་རེར་ཡོང་འབབ་སྒོར་ཁྲི་1ཟིན་པ་རེད། མར་ཤོག་ཤང་གི་ཞིང་འབྲོག་པས་བཙུགས་པའི་དབུལ་སྐྱོར་རླངས་འཁོར་འཁྲུད་ས་2018ལོའི་ཟླ་དང་པོར་གཉེར་སྐྱོང་བྱེད་འགོ་ཚུགས་པར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ཟིན་པ། དཔལ་འབར་གྲོང་རྡལ་གཞན་མགུ་གྲོང་ཚོའི་བདུག་སྤོས་ལས་སྣོན་བཟོ་གྲྭས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཉི་མའི་སྣེ་ཁྲིད་འོག་ཐོན་སྐྱེད་བྱས་པའི་སྤོས་དག་དྲ་ཐོག་ནས་རྒྱལ་ཡོངས་སུ་ཕྱིར་ཚོང་བྱས་པར་2018ལོར་འབབ་འཕར་སྒོར་ཁྲི་18བྱུང་ཡོད། ས་གནས་དེ་གའི་དབྱར་དུས་ཀྱི་ཤ་མོའི་རིགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་དཔལ་འབར་རྫོང་གི་གྲོང་ཚོ(གྲོང་ལྷན)ཁག་གིས་ཤང(གྲོང་རྡལ)གནས་ཡུལ་དུ་ནགས་ཁྲོད་ཐོན་ཁུངས་ཉོ་སྒྲུབ་ས་ཚིགས་བཙུགས་ཏེ་ཞིང་འབྲོག་པས་བཏུས་པའི་སེར་ཤ་སོགས་ཉོ་སྒྲུབ་ལས་སྣོན་བྱས་ཤིང་། ཞིང་འབྲོག་མང་ཚོགས་ཚོའི་དབྱར་རྩྭ་དགུན་འབུ་གཙོར་བྱས་ནས་ཡོང་འབབ་གསོག་པའི་རྨང་གཞིའི་ཐོག་དཔལ་འབྱོར་གྱི་ཡོང་ཁུངས་རྒྱ་ཆེར་བསྐྱེད་པ་རེད། མིག་སྔར་རྫོང་ཡོངས་ཀྱིས་ནགས་ཁྲོད་ཐོན་ཁུངས་ཉོ་སྒྲུབ་ས་ཚིགས་10བསྐྲུན་ཡོད་པ་རེད།
ཐོན་ལས་དར་ན་མང་ཚོགས་ཕྱུག་པོར་འགྱུར་ཐུབ། ད་ཆ་དཔལ་འབར་རྫོང་གི་ཐོན་ལས་འཕེལ་རྒྱས་དེ་ཞིང་འབྲོག་པའི་འབབ་འཕར་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་ལམ་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།