དབུ་ཤོག>ཞིང་འབྲོག་གསར་པ།
  • སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོའི་མང་ཚོགས་ཚོས་མཉམ་དུ་འབྱོར་འབྲིང་ལམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-28

    གཙང་ལ་ཁོད་སྙོམས་པའི་གྲོང་གསེབ་ཀྱི་སྣུམ་ནག་ལམ་དང་། རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་བཟང་ལ་སོགས་ཀྱི་བརྗིད་ཆགས་ཉམས་དགའ་བའི་རྣམ་པ་འདི་དག ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནས་སྨན་གླིང་རྫོང་དུ་ཡོང་བའི་ལམ་བར་དུ་མངོན་སྲིད། འདི་ནི་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོ་ཡིན་པ་དང་། སྨན་གླིང་རྫོང་གིས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་གཙོ་གནད་ཐོག་བཏོད་པ་ཞིག་རེད།

    རྨང་གཞི་བརྟན་དུ་བཏང་སྟེ་ཏང་འཛུགས་སྐྱོང་ལས་དོན་ལ་བརྟེན་ནས་གྲོང་ཚོའི་ལས་སྒོར་དོ་དམ་བྱས་པ།

    “སྔོན་ཆད་ད་ཆ་ནང་བཞིན་གྲོང་ཚོ་གཙང་མ་འདི་འདྲ་མེད། བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་གང་སར་མཐོང་རྒྱུ་ཡོད་པ་དང་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་འཆང་མཁན་གྲོང་མི་མང་པོ་ཡོད”ཅེས་བམ་གྲོང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་ངོ་སྤྲོད་བྱས། བམ་གྲོང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། “ཀྲི་པུས་ཏང་ཡོན་དང་འབྲེལ་བ་བྱེད་པ་དང་ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་བ་བྱེད་པའི”འབྲེལ་བ་གཉིས་ལ་བརྟེན་པའི་དོ་དམ་ཞབས་ཞུའི་ལས་དོན་སྤེལ་སྟངས་ཀྱིས་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་གྲོང་ཚོའི་ལས་སྒོར་དོ་དམ་བྱས་པས་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་སེམས་སྔར་བས་ཆེ་རུ་ཕྱིན་པ་དང་། བམ་གྲོང་གྲོང་ཚོའི་ཏང་འཛུགས་སྐྱོང་དང་གྲོང་ཚོའི་ལས་སྒོ་ཆུ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་ཐེབས་ཡོད།

    ལོ་30ལྷག་ཙམ་ལ་སླེབས་པའི་སྐལ་བཟང་ནོར་བུའི་ཁྱིམ་ནི་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། ནང་མི་གསུམ་ལ་ས་ཞིང་མུའུ་5ལས་མེད་པས་འཚོ་བར་དཀའ་ངལ་ཆེན་པོ་ཡོད། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གནས་ཚུལ་དེ་ཤེས་རྗེས་སྐལ་བཟང་ནོར་བུར་བསམ་བློའི་སློབ་གསོ་བཏང་བ་མ་ཟད། ལས་གནས་གསོ་སྦྱོང་འཛིན་གྲྭར་ཞུགས་སུ་བཅུག་པས། ཁོང་གྲོང་ཚོའི་ནང་གི་ཕྱུགས་རིགས་སྨན་པར་གྱུར། ཁོང་གི་བཟའ་ཟླར་ཡང་སྣོད་བཅུད་སྲུང་སྐྱོང་ལས་གནས་ཀྱི་ལས་ཀ་རག་པས། བཟའ་ཚོ་གཉིས་ཀར་ཡོང་འབབ་ཡག་པོ་ཡོད། ལོ་དྲུག་ནས་བདུན་གྱི་དུས་ཚོད་ནང་སྐལ་བཟང་ནོར་བུས་ཁྱིམ་དུ་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཤིག་ཉོས་ནས་འགྲུལ་པ་སྐྱེལ་འདྲེན་གྱི་ལས་ལ་གཞོལ། དེ་རྗེས་སྐལ་བཟང་ནོར་བུས་སླར་ཡང་གཅེན་པོ་དང་མཉམ་དུ་མ་རྩ་བཏང་ནས་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཤིག་ཉོས་ཏེ་དངོས་ཟོག་དབོར་འདྲེན་གྱི་ལས་ལ་གཞོལ་འགོ་བརྩམས།

    སྐལ་བཟང་ནོར་བུ་འབྱོར་འབྲིང་ལམ་དུ་བསྐྱོད་པ་ཙམ་མ་ཟད། སྲིད་གཞུང་གི་རོགས་རམ་འོག་ད་ཆའི་བམ་གྲོང་གྲོང་ཚོའི་དུད་ཁྱིམ་ཚང་མ་ཁང་པ་གསར་པར་སྤོས་ཏེ་སྨན་གླིང་རྫོང་གི་མི་དང་སྒོ་ཕྱུགས་ལོགས་སུ་སྡོད་པའི་གྲོང་ཚོ་དང་པོར་གྱུར། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་ཡོད་ལ། ཆུ་དང་གློག་ཀྱང་ཤར་གཏོང་ཐུབ་ཡོད། ད་དུང་གྲོང་ཚོ་རིམ་པའི་གཞུང་ལམ་སྤྱི་ལེ་བཅུ་ལྷག་ཙམ་བཟོས་པ་དང་། གྲོང་ཚོར་གྲོང་ཚོའི་སྨན་པ་3ཡོད་པས་ནད་གཞི་ཆུང་རིགས་གྲོང་ཚོ་ནས་བཅོས་ཐུབ་ནས་གྲོང་མིའི་བདེ་ཐང་ལའང་འགན་ལེན་བྱུང་བ། གྲོང་ཚོ་ཡོངས་ཀྱི་སློབ་ལོ་ལོན་པའི་བྱིས་པ་30ལྷག་ཙམ་ཚང་མ་རྡོ་མཁར་ལྟེ་གནས་ཀྱི་ཆ་ཚང་སློབ་ཆུང་དུ་སློབ་གྲྭ་འགྲིམ་བཞིན་ཡོད་པ་དང་། སློབ་གྲྭར་ཞུགས་ཚད་100%ཟིན་ཡོད།

    བརྒྱུད་རོགས་ཁྲིད་གསུམ་བྱས་ནས་མཉམ་དུ་འབྱོར་འབྲིང་ལམ་དུ་བསྐྱོད་པ།

    སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་པའི་ཉི་མ་2007ལོའི་གོང་དུ་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོའི་གྲས་ཤིག་རེད། འོན་ཀྱང་སྦྱང་འདོད་ཆེན་པོ་ཡོད་པའི་ཁོང་གིས་དབུལ་པོའི་གནས་ལས་སྒྲོལ་ཆེད། ས་ཕྱོགས་གང་སར་ཕྱུག་འགྱུར་ལམ་བུ་འཚོལ་བར་བསྐྱོད།

    2008ལོར་བོད་ཕག་དང་བོད་ཇ་གསོ་ཚགས་ར་བ་བཙུགས་པ་དང་། 2010ལོར་སྨན་གླིང་རྫོང་ཀོང་པོ་ཨ་སྐྱིད་སྨན་རྩྭ་འདེབས་འཛུགས་ཚད་ཡོད་ཀུང་སི་བཙུགས་པ་རེད།

    2012ལོའི་ཟླ་དགུ་པར་ཉི་མས་ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་གྱི་ཁྱིམ་ཚང་ཞིང་ར་དངོས་སུ་བཙུགས་པ་དང་། བོད་ལུགས་གསོ་རིག་གི་སྨན་རྒྱུ་དང་དེ་བཞིན་དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་གཙོ་བོར་བྱས། ད་བར་འགྱིག་ཤོག་སྔོ་ཚལ་དྲོད་ཁང་ཆེན་པོ་49ཡོད་པ་རེད། 2018ལོར་ཡོང་འབབ་སྒོར་ཁྲི་190ཟིན་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི་40བྱུང་ཡོད། རང་ངོས་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་ཁྱིམ་ཚང་ཞིང་ར་ནས་གྲོང་མིར་འདེབས་འཛུགས་ལག་རྩལ་རིན་མེད་ངང་བསླབས་པ་དང་། རིན་པ་མེད་པར་ཤ་མོའི་ས་བོན་སྤྲོད་པ། གྲོང་མི་གསུམ་ལས་ཞུགས་བྱས་ནས་གྲོང་ཚོའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་བྱས་པ་རེད།

    གནད་སྨིན་དབུལ་སྐྱོར་ཡོང་ཆེད་ཞིང་རས་ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་15ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། དཔྱིད་དུས་ཀྱི་ལས་མི་སྤྱོད་མང་བའི་དུས་སུ་དུད་ཚང་དབུལ་པོའི་ཞིང་པ་ཞིང་རར་ལས་ཀ་བྱེད་པར་བསྐོངས་ནས་ཉིན་གླ་སྤྲོད་ཀྱི་ཡོད། དེ་དང་དུས་མཚུངས་ཞིང་དལ་དུས་སུ་དུད་ཚང་དབུལ་པོ་15ཡི་གྲོང་མི་ཞིང་རར་ལས་ཀ་བྱེད་པར་སྐད་གཏོང་གི་ཡོད། དེའི་རིང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཡོང་འབབ་སྒོར་2000ནས་3000བར་རག་གི་ཡོད།

    མིག་སྔར་བམ་གྲོང་གྲོང་ཚོར་གཉེར་སྐྱོང་རང་བཞིན་གྱི་དཔལ་འབྱོར་རྩ་འཛུགས་8ཡོད་པ་དང་། དེའི་ཁྲོད་དུ་ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་གྱི་ཁྱིམ་ཚང་དཔེ་སྟོན་ཞིང་ར་དང་། རབ་དགའ་གྲོང་ཚོའི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད། ཡར་སྟེང་བོད་ལུགས་གསོ་རིག་གི་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་། བམ་གྲོང་མོག་རོ་ནག་པོའི་ཐོན་སྐྱེད་རྟེན་གཞི་སོགས་ཀྱི་དཔལ་འབྱོར་ཕན་འབྲས་ཧ་ཅང་ཡག་པོ་ཡོད་པ་རེད།

    གོ་སྐབས་དམ་འཛིན་བྱས་ནས་གྲོང་མིའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

    ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཡུལ་སྐོར་དང་། བོད་ལུགས་གསོ་རིག ས་མཐོའི་དེང་རབས་ཞིང་ལས། ཚོང་དོན་ཟོག་འགྲེམས་བཅས་ཀྱི་ཐོན་ལས་ཆེན་པོ་བཞིའི་མ་ལག་བཏོད་ཡོད། མིག་སྔར་སྨན་གླིང་རྫོང་དུ་གཙོ་གནད་རྣམ་གྲངས་གསུམ་ཡོད་པ་སྟེ། ཉིང་ཁྲི་གནམ་གྲུ་ཐང་གི་ཚོང་དོན་ཟོག་འགྲེམས་གླིང་དང་། སྨན་གླིང་ཅང་ཤིན་ཏའོ་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་། སྨན་གླིང་བོད(ཀྲུང)ལུགས་གསོ་རིག་དང་བོད་སྨན་ཐོན་ལས་གླིང་བཅས་རེད།

    ཅང་ཤིན་ཏའོ་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་གིས་བོད་ཤར་ལྷོའི་ཁྱད་ལྡན་ཡུལ་ཟོག་ཉོ་ཚོང་གཙོ་བོར་བྱེད་པ་དང་། ནང་སའི་གྲགས་ཅན་ཐོན་རྫས་བོད་དུ་ནང་འདྲེན་བྱེད་རྒྱུ་རམ་འདེགས་སུ་བྱེད་པའི་ཚོང་དོན་ཟོག་འགྲེམས་གླིང་གི་རྣམ་གྲངས་ཤིག་ཡིན་པ་དང་། དེ་ནི་ནུས་ཆེའི་ཐོན་སྐྱེད་དང་། སྣོད་བཅུད་འཁོར་རྒྱུག ཚན་རྩལ་འགྲེམས་སྟོན། དཔེ་སྟོན་ཁྱབ་གདལ། ཚན་རིག་ཁྱབ་གདལ་སློབ་གསོ། རོལ་རྩེད་ཉམས་ལེན། སྤྲོ་གསེང་ཡུལ་སྐོར་བཅས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་རྣམ་གྲངས་ཤིག་རེད། རྣམ་གྲངས་དེ་བསྐྲུན་རྗེས་བམ་གྲོང་གྲོང་ཚོའི་གྲོང་མི་ཐག་ཉེ་སར་ལས་ཞུགས་ཐུབ་པ་མ་ཟད། རྣམ་གྲངས་ཀྱིས་ཀྱང་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་ཐུབ།

    “ཅང་ཤིན་ཏའོ་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ལ་མ་དངུལ་སྒོར་དུང་ཕྱུར་14.4བཏང་བ་དང་། གླིང་བསྐྲུན་ས་ང་ཚོ་མང་ཚོགས་ཀྱིས་གཡར་བས། ང་ཚོར་ས་ཆ་བོགས་མར་གཡར་བའི་དངུལ་རག་པ་མ་ཟད། ད་དུང་5%ཡི་རྐང་དངུལ་ཡང་ལེན་རྒྱུ་ཡོད། ཕྱིས་སུ་རྣམ་གྲངས་འཛུགས་སྐྲུན་ཟིན་རྗེས་ང་ཚོའི་འཚོ་བ་ལེགས་སུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བམ་གྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།