ཉེ་ཆར། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་ཞིང་འབྲོག་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་6པའི་བར་ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་3432ཟིན་ནས་དུས་མཚུངས་ལས་13.5%འཕར་ཡོད། དེའི་ནང་ལས་ཞུགས་གཞན་སྒྱུར་གྱི་མི་གྲངས་འཕར་བས་གླ་ཆའི་རང་བཞིན་གྱི་ཡོང་འབབ་སྒོར་1472མང་དུ་ཕྱིན་ནས་དུས་མཚུངས་ལས་16%འཕར་བ་དང་། རྒྱ་ཆེའི་ཞིང་འབྲོག་པས་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་དང་དབྱར་རྩྭ་དགུན་འབུ་འཐུས་ནས་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་1421བར་འཕར་ཏེ་དུས་མཚུངས་ལས་10.5%མང་དུ་ཕྱིན་པ། ཞིང་སྐྱོར་ཞིང་ཕན་སྲིད་ཇུས་ཁག་དོན་འཁྱོལ་དུས་ཐོག་ཏུ་བྱས་པ་དང་གཞན་སྒྱུར་ཡོང་འབབ་ཁེ་གཙང་སྒོར་461ཟིན་ནས་དུས་མཚུངས་ལས་13.8%འཕར་བ་བཅས་རེད།
ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས“འབབ་འཕར་གྱི་བྱེད་ཐབས་ཆེན་པོ་ལྔར”དམ་འཛིན་བྱས་ཏེ་ཞིང་འབྲོག་པའི་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་ཐབས་བརྒྱ་ཇུས་སྟོང་ངང་སྔོག་འདོན་བྱས་ནས་ཞིང་འབྲོག་པའི“དངུལ་ཁུག”ལྗིད་ཏིག་ཏིག་ཡོང་བར་སྐུལ་འདེད་བཏང་བ་རེད། “འབབ་འཕར་གྱི་བྱེད་ཐབས་ཆེན་པོ་ལྔ”ཡི་ནང་ལས་ཞུགས་རྒྱ་ཆེར་གཏོང་བ་དང་། ཐོན་ལས་འཕེལ་རྒྱས། རྣམ་གྲངས་འཛུགས་སྐྲུན། ཐོན་སྐྱེད་འཕེལ་རྒྱས་དང་སྲིད་ཇུས་ཀྱི་འབབ་འཕར་བཅས་ཚུད་ཡོད། དེའི་ནང་ཟླ་1ནས་6པའི་བར་གྲོང་ཁྱེར་ཡོངས་སུ་ཞིང་འབྲོག་པ་མི་ཐེངས་ཁྲི་10.65ལས་ཞུགས་གཞན་སྒྱུར་བྱས་པར་གཞན་སྒྱུར་ཡོང་འབབ་སྒོར་དུང་ཕྱུར་3.35ཟིན་པ་དང་། ལས་འགོ་གསར་པ་བཙུགས་པའི་ཐོན་ལས་རྣམ་གྲངས་57ལ་མ་དངུལ་སྒོར་དུང་ཕྱུར་2.93བཏང་ནས་ཐོན་ལས་དབུལ་སྒྲོལ་མི་གྲངས་8746ཟིན་པ། གཞི་རྩའི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གྲོང་ཁྱེར་ཡོངས་ཀྱིས་ཁྱོན་ལས་གནས་3291གསར་སྤེལ་བྱས་ཏེ་ཞིང་འབྲོག་པ་9835ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་ཁྲི་16444མང་དུ་ཕྱིན་ཡོད། སྣོད་བཅུད་དབུལ་སྐྱོར་སྲིད་ཇུས་དང་ཐ་སྐྱོང་འགན་ལེན་སྲིད་ཇུས་ཀྱི་མ་དངུལ་སྒོར་དུང་ཕྱུར་12.33ཙམ་དོན་འཁྱོལ་བྱས་པ་རེད། གཞན་ཡང་ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་22ལ་ཐོན་རྫས་རིན་ཐང་སྒོར་ཁྲི་6200ལྷག་ཙམ་ཟིན་ནས་ཞིང་དུད་6400ལྷག་ཙམ་ལ་སྐུལ་ཁྲིད་ཐུབ་ནས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་1200ལྷག་ཙམ་འཕར་བ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་310ལ་ཡོང་འབབ་སྒོར་ཁྲི་6400ལྷག་ཙམ་བྱུང་ནས་ཞིང་དུད་8000ལྷག་ཙམ་ལ་སྐུལ་ཁྲིད་ཐུབ་པས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་འཕར་བ་རེད།