དབུ་ཤོག>ཞིང་འབྲོག་གསར་པ།
  • གནད་སྨིན་དབུལ་སྐྱོར་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-17

    ཞོགས་པའི་ཆུ་ཚོད་བདུན་པ་ཡོལ་ཙམ་ལ་བྱང་རྩྭ་ཐང་དུ་ད་དུང་ཡང་ནམ་ཡོངས་སུ་གསལ་མེད་པ་དང་། བྲག་ནག་གྲོང་རྡལ་སྲང་ཁར་སྒང་གྲོང་ཚོའི་འབྲོག་པ་དབང་སྐྱིད་ཁྱིམ་གྱི་མེ་ཁ་གསོས་ཟིན་ནས། ཇ་བསྲུབས་མའི་དྲི་ཞིམ་གང་སར་འཐུལ། ད་ཆའི་འཚོ་བ་བདེ་ཞིང་སྐྱིད་པས་དབང་སྐྱིད་འདོད་བློ་ཁེངས་ནས“ད་ཆའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར”ཞེས་བཤད།

    འོན་ཀྱང་ལོ་བརྒྱད་ཀྱི་གོང་དུ་དབང་སྐྱིད་ཀྱི་མ་རྒན་གྲོངས་པ་དང་། འཚོ་བའི་ཁུར་པོ་ལྕི་མོ་ནད་ཀྱིས་མནར་བའི་ཁོ་མོ་མི་གཅིག་གི་ཕྲག་ཏུ་བབས།

    ལོ་དེར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་དང་བཀོད་སྒྲིག་གཞིར་བཟུང་། མཚོ་བོད་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་སྲང་ཁར་སྒང་གྲོང་ཚོར་སླེབས་པ་དང་། འཕྲལ་མར་ནད་ཀྱིས་མནར་བའི་དབང་སྐྱིད་རྫོང་མི་དམངས་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་པར་བསྐྱལ་བ་མ་ཟད། ད་དུང་ཁོ་མོའི་ནད་གཞི་དྲག་སྐྱེད་བྱུང་རྗེས་རྟག་ཏུ་ཁྱིམ་དུ་བསྐྱོད་ནས་ཁོ་མོར་དབུལ་སྒྲོལ་ལ་འཕྲད་པའི་དཀའ་ངལ་སེལ་རོགས་བྱས།

    མི་སེམས་དྲོས་པའི་རོགས་སྐྱོར་ལས། དམངས་དང་སེམས་པ་གཅིག་ཏུ་འབྲེལ།

    “ཨ་ཅག ད་མ་ངུ་དང་། འཚོ་བ་རིམ་བཞིན་ཡག་ཏུ་འགྲོ་ངེས་རེད” 2012ལོའི་ཟླ་12པའི་ཚེས་ཤར་དུ་གྲོང་ཚོར་བཅའ་སྡོད་བྱས་ནས་གཟའ་འཁོར་གཅིག་ཀྱང་མ་འདས་པར་སྲང་ཁར་སྒང་གྲོང་ཚོར་བཅའ་སྡོད་མཚོ་བོད་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་དོན་རུ་ཁག་གི་རུ་མིས་མར་དང་རྩམ་པ་སོགས་ཁྱེར་ནས་དབང་སྐྱིད་ཁྱིམ་དུ་བསྐྱོད་དེ། བོད་སྐད་ནས་ཁྱིམ་དུ་མཆི་མ་གཏོང་བཞིན་པའི་དབང་སྐྱིད་ལ་སེམས་གསོ་བཏང་།

    དྲོ་སྐྱིད་ལྡན་པའི་ལག་ཟུང་དང་རྒྱུས་མངའ་ཆེ་ལ་བྱམས་བརྩེ་ལྡན་པའི་སྐད་ཆ་ལས་དབང་སྐྱིད་དང་གྲོང་སྡོད་ལས་དོན་རུ་མིའི་དབར་གྱི་བར་ཐག་ཉེ་རུ་ཕྱིན། མཆི་མ་འཕྱིད་བཞིན་དུ་དབང་སྐྱིད་ཀྱིས་གྲོང་སྡོད་ལས་དོན་རུ་མིར་རང་ཉིད་ཀྱི་དཀའ་ངལ་ཞུས། གྲོང་སྡོད་ལས་དོན་རུ་མིས་ཟིན་དེབ་དང་སྨྱུ་གུ་བཏོན་ནས་དབང་སྐྱིད་ཀྱི་དགོས་མཁོ་དང་རེ་བ་རེ་རེ་བཞིན་ཟིན་ཐོར་བཀོད།

    གྲོང་སྡོད་རོགས་སྐྱོར་ལས་དོན་བྱེད་ཞོར་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་ལོ་ལྟར་གྲོང་ཚོ་ཡོངས་ཀྱི་དུད་ཚང་ཚང་མར་དུས་ཆེན་གྱི་འཚམས་འདྲིའི་དངོས་པོ(འབྲས། གྲོ་ཞིབ། སྣུམ། རྩམ་པ། ཇ་བག་ཆུང་སོགས)བསྡོམས་སྒོར་ཁྲི་30ལྷག་རི་བ་སྤྲད་པ་མ་ཟད། ད་དུང་ལོ་ལྟར་གྲོང་ཚོ་དེ་གའི་འགན་ལེན་ལྔའི་དུད་ཚང་ལ་ཕོ་ཁེབས་དང་། ལྷམ། ལག་ཤུབས་སོགས་སྤྲོད་ཀྱི་ཡོད། “ལོ་འདི་དག་རིང་ང་ཚོའི་ཁྱིམ་གྱི་འཚོ་བ་ཡག་ཏུ་ཕྱིན་པ་ནི་ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་རེད་ལ། གྲོང་སྡོད་ལས་དོན་རུ་ཁག་གི་རོགས་སྐྱོར་ཡོད་པས་ཀྱང་རེད། འདི་དག་ཚང་མ་ཏང་གི་བཀའ་དྲིན་ལས་བྱུང་བ་རེད”ཅེས་འགན་ལེན་ལྔའི་དུད་ཚང་གི་མང་ཚོགས་བུ་དགའ་བློས་བཀའ་དྲིན་ཚོར་བཞིན་བཤད།

    གནད་སྨིན་དབུལ་སྐྱོར་བྱས་པ་ལས། དམངས་ལ་ཕན་པ་དངོས་འབྲེལ་ཐོབ།

    དབུལ་ཕོངས་ཀྱི་འབྱུང་རྩར་དེ་བས་མཐིལ་རྟོགས་དང་གནད་སྨིན་དབྱེ་འབྱེད་ཡོང་བར་བྱས་ཏེ། མང་ཚོགས་དབུལ་པོ་གཅིག་ཀྱང་མ་ལུས་པའི་འགན་ལེན་བྱེད་ཕྱིར། 2013ལོར་སྲང་ཁར་སྒང་གྲོང་ཚོར་བཅའ་སྡོད་མཚོ་བོད་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་དོན་རུ་ཁག་གིས་དུས་ཡུན་ཟླ་3རིང་གྲོང་མིའི་སྡོད་ཁང་དང་། ནོར་ལུག འཁོར་རིགས། ངལ་ནུས། སློབ་ཞུགས་བཅས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བསྡོམས་རྩིས་བརྒྱབ་པ་དང་སྦྲགས། ད་དུང་གྲོང་ཚོའི་ཏང་ཡོན་དང་འབྲོག་པའི་འཐུས་མི་བསྐོངས་ནས་འབྲོག་དུད་ཀྱི་རེ་ཞུར་ཞིབ་བསྡུར་དང་དུད་ཚང་དབུལ་པོར་དམངས་གཙོའི་དཔྱད་གླེང་བྱས་ཏེ། མཐར་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་98དང་མི་གྲངས་363གཏན་འཁེལ་བྱས་པ་རེད།

    ལོ་བརྒྱད་རིང་དུད་ཚང་དབུལ་པོ་98ལ་དབུལ་སྒྲོལ་བྱེད་རོགས་བྱེད་ཕྱིར་མཚོ་བོད་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་སྔ་རྗེས་སུ་འགྲོ་གྲོན་སྒོར་ཁྲི་སྟོང་བཏང་བ་རེད།

    སྲང་ཁར་སྒང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཐར་པས། “ད་ཆ་ང་ཚོའི་གྲོང་ཚོའི་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་ཕྱིན་པ་མ་ཟད། ཏང་གི་རྗེས་སུ་སྙེག་པའི་ཆོད་སེམས་དང་གོམ་སྟབས་ཀྱང་དེ་བས་བརྟན་དུ་ཕྱིན་ཡོད”ཅེས་བཤད།

    ཐོན་ལས་དབུལ་སྐྱོར་བྱས་པ་ལས། དམངས་ཀྱི་ཡོང་འབབ་མང་དུ་ཕྱིན།

    ས་གནས་དེ་གའི་མང་ཚོགས་ཀྱི་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་ཕྱིར་གྲོང་སྡོད་ལས་དོན་རུ་ཁག་གིས་ལས་ཞུགས་གཞན་སྒྱུར་སྲིད་ཇུས་གཞིར་བཟུང་། ས་གནས་དེ་གའི་འཕེལ་རྒྱས་ཀྱི་དོན་དངོས་དང་གནད་སྨིན་དབུལ་སྐྱོར་བྱ་ཡུལ་དང་། ལས་ཞུགས་མེད་པའི་ཁྱིམ་ཚང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་བཅས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ལེགས་ཆ་འདོན་སྤེལ་ཧུར་ཐག་དང་ཚོགས་པ་ཀུང་སིའི་མངའ་འོག་གི་མི་སྤྱོད་ཚན་པ་དང་འབྲེལ་བ་དམ་ཟབ་བྱས་ཏེ། རིམ་རྩིས་བྱས་ན། གྲོང་ཚོའི་གཞོན་ནུ་ཚོར་ལས་ཞུགས་ལས་གནས་ཁག་30མཁོ་འདོན་བྱས་ཡོད།

    གཞན་ཡང་། སྲང་ཁར་སྒང་གྲོང་ཚོར་འབྱུང་འགྱུར་འཕེལ་རྒྱས་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་འཚོལ་ཕྱིར། 2018ལོར་མཚོ་བོད་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཞི་པའི་རུ་དཔོན་ཀྲའོ་པའོ་ཉན་དང་རུ་མི་ཚོས་གྲོང་ཚོའི་ས་ཕྱོགས་གང་སར་རྟོག་ཞིབ་བྱེད་པར་བསྐྱོད་མཐར། སྲང་ཁར་སྒང་གྲོང་ཚོའི་ཉེ་འགྲམ་གྱི་རི་ནས་བཞུར་བའི་ཆུ་མིག་ཁོ་ཚོའི་མིག་ལམ་དུ་འཆར།

    2018ལོའི་ཟླ་10ཚེས་28ཉིན་ཚོགས་པ་ཀུང་སིས་མ་དངུལ་སྒོར་ཁྲི་180བཏང་ནས་བསྐྲུན་པའི་དྭངས་གཙང་ཆུ་བཟོ་གྲྭ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས། ཆུ་ཟོམ་རེ་རེ་བཞིན་དུ་བླུགས་ཟིན་རྗེས། ཆུ་སྐྱེལ་མཁན་རིག་རྣམ་གྱི་ངོ་གདོང་ནས་རྔུལ་ཆུ་ཕུད་ད་དུང་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་དུ“གྲོང་ཚོའི་མ་རྐང་ལ་ཞུགས་པའི་གྲོང་མིར་ཆུ་བཟོ་གྲྭའི་བགོ་འགྲེམས་རྒྱག་གྲབས་ཡོད་པས། ང་ཚོའི་འབྱུང་འགྱུར་འཚོ་བ་ཡང་ལྷུང་ལྷུང་དུ་བཞུར་བའི་ཆུ་མིག་དང་འདྲ་བར་དྭངས་ཤིང་མངར་བའི་ཡིད་ཆེས་ཡོད”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།