རྒྱལ་ལམ་318བརྒྱུད་ཤར་ཕྱོགས་སུ་རླངས་འཁོར་ལ་བསྡད་ནས་སྐར་མ་20ལྷག་ཙམ་བསྐྱོད་རྗེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དོན་གཅོད་ཁང་དཔལ་ལྡིངས་གྲོང་ཚོར་སླེབས་ཀྱི་ཡོད། ཟླ་དྲུག་པའི་དཔལ་སྡིངས་གྲོང་ཚོའི་ཀྲི་ལུང་ཤུར་དུ་ན་ཁ་སྔོ་ལ་ཕུ་ཆུ་ཤང་ཤང་དུ་རྒྱུག་པ་དང་། ཁོར་ཡུག་མཛེས་པ། མཁའ་རླུང་གཙང་བ་བཅས་ཡོད་པས་དེ་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་དང་དེ་བཞིན་ཡུལ་སྐོར་བ་དབྱར་དུས་སུ་གླིང་ག་གཏོང་བར་འགྲོ་ས་ཡག་ཤོས་གྲས་ཤིག་རེད།
ད་ཐེངས་བཅར་འདྲི་བྱེད་སའི“གྲོང་ཁྱེར་གྱི་འབྲོག་པ”འབྱོར་ལྡན་གྱི་ཁྱིམ་ཡང་ཡུལ་ལྗོངས་ལྟ་ན་སྡུག་པའི་གྲོང་ཚོ་འདིར་ཆགས་ཡོད།
འབྱོར་ལྡན་གྱིས་གསར་འགོད་པ་སླེབས་པ་མཐོང་འཕྲལ་སེམས་རྩ་འཁོལ་པོས་ང་ཚོར་བསུ་བ་ཞུས་ནས་ཇ་བསྲུབས་མ་བཀྱག་པ་སྦྲགས། བཅར་འདྲི་ཡང་འགོ་ཚུགས།
ཁྱིམ་ཚང་གི་བདག་པོ་འབྱོར་ལྡན།
འབྱོར་ལྡན། ད་ལོ་ལོ་51 དཔལ་ལྡིངས་གྲོང་ཚོའི་ཚོགས་ཆུང་གསུམ་པའི་གྲོང་མི་ཡིན་པ་དང་། ཙུའུ་ཀྲང་དང་དུད་སྦྲེལ་སྤྱི་མིའི་འགན་འཁུར་བཞིན་ཡོད། ཁོང་ནི་ཚལ་གུང་ཐང་ཁྲོམ་གཞུང་དོན་གཅོད་ཁང་གི་ལོ་12རིང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཅན་ཡང་རེད། ཁོང་གི་ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ཚོམས་ཆེན་ཁོ་ནར་རྒྱ་ལྕོག་ཆ་ཁ་ཤས་བསྒྲིགས་འདུག
2016ལོར་ཡོང་འབབ་གསོག་མཁས་པ་དང་། དབང་གྲགས་ཆེ་བ། བྱ་བ་སྒྲུབ་སྐབས་དྲང་པོ་དྲང་གཞག་བཅས་ཡོད་པས། གྲོང་མི་ཚོས་འབྱོར་ལྡན་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་དང་དུད་སྦྲེལ་སྤྱི་མིར་བདམས། ཙུའུ་ཀྲང་ལ་བདམས་པ་ནས་བཟུང་ཁོང་གིས་སེམས་ནུས་ཡོད་ཚད་ཚོགས་ཆུང་གསུམ་པའི་ལས་ཀར་བཞག
འབྱོར་ལྡན་ནི་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་ཡིན་པ་མ་ཟད། ལོ་བཅུ་གཉིས་རིང་ཤང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡང་རེད། “ཞིང་བྲན་གྱི་མི་རབས་རྗེས་མ་ཡིན་པའི་ཆ་ནས་ཕ་མེས་ས་ནས་ང་ཚོས་སྤྱི་ཚོགས་རྙིང་པའི་མུན་ནག་དང་རྗེས་ལུས་ཀྱི་རྣམ་པ་ཤེས་བྱུང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་ཕ་ཡུལ་གྱི་ཀྱག་ཀྱོག་གི་ལམ་ཆུང་དག་ཡངས་ཤིང་རྒྱ་ཆེ་བའི་ཤང་གྲོང་གཞུང་ལམ་དུ་གྱུར་པ་དང་། ཁང་པ་གོག་ཧྲུལ་དེ་དག་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཁང་པར་གྱུར་པ། གྲོང་གསེབ་ཏུ་སྤྲོ་གསེང་ཡུལ་སྐོར་ཚ་ཚ་འུར་འུར་ངང་སྤེལ་བས་ཁྱིམ་ཚང་ཚང་མར་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྙེད་ཡོད”ཅེས་འབྱོར་ལྡན་གྱིས་བཤད་པ་དང་། ཁོང་གིས“གཞི་རིམ་གྱི་ཏང་ཡོན་དང་ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་ངས་ལོ་ལྟར་ཁྲེང་ཀོན་ཆུས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་བཏོན་པའི་གྲོས་འགོ་ཚང་མ་དང་ལེན་གནང་སོང་། ཕ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་རང་ཉིད་ཀྱི་ནུས་པ་ཕྲན་བུ་འདོན་ཐུབ་པར་སེམས་གཏིང་ནས་དགའ་པོ་འདུག”ཅེས་བཤད།
ད་ཆ་བུ་མོ་ཆུང་བ་ཆུང་ལགས་དང་མག་པ་བཀྲ་ཤིས་དབང་འདུས་ལ་ཁྱིམ་གྱི་འབྲི་གཡག་མགོ་གྲངས་148རྩིས་སྤྲད་རུང་། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། དཔལ་ལྡིངས་གྲོང་ཚོ་ཡང་སློབ་གསོའི་གྲོང་དང་བར་ཐག་ཉེ་བས་གྲོང་ཁྱེར་འཕེལ་རྒྱས་དང་མཉམ་འདྲེས་ཡོང་རྒྱུ་ཡིན་པས། ཕ་མེས་ནས་རྒྱུན་བསྐྱངས་པའི་འབྲོག་ལས་འདི་ནམ་ཞིག་མེད་པར་གྱུར་སྲིད། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཇི་འདྲ་ཕྱིན་རུང་མི་སེར་ཚོ་སྔར་བཞིན་ལྟོ་ཆས་ཟ་དགོས་ལ་ཤ་ཡང་ཟ་དགོས་པས། ང་ཚོ་འབྲོག་པ་ཚོས་གནས་སྐབས་ཀྱི་བདེ་བར་བསམས་ནས་ནོར་ལུག་མེད་པར་བཟོས་ན་མི་སེར་ཚོས་བློ་བདེའི་ཤ་ཟ་མི་ཐུབ་སྟབས་ང་ཚོས་རྒྱུན་སྐྱོང་ཐབས་བྱས་པ་ཡིན། ནོར་ལུག་འཚོ་རྒྱུ་ནི་ངལ་བ་ཆེ་བའི་ལས་ཞིག་རེད། དེ་སྔ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ནས་བུ་མོ་ཆུང་བར་ལས་ཀ་འདི་རྩིས་སྤྲོད་དགོས་བྱུང་། གང་ཡིན་ཟེར་ན། བུ་མོ་སློབ་གྲྭ་དེ་ཙམ་འགྲིམ་མྱོང་མེད། སློབ་ཆུང་མ་ཐོན་གོང་ནས་ནོར་ལུག་འཚོ་བར་ཕྱིན་མོད། འོན་ཀྱང་ངའི་ཚ་བོ་རྣམས་ཚད་ལྡན་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་བཟང་པོ་ཐོབ་པས། ཁོང་ཚོས་ངའི་ལམ་རྙིང་པར་མ་བསྐྱོད་པར་གྲོང་ཁྱེར་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་སྣང་བ་སྐྱིད་ལ་ལས་ཀ་ཡག་པོ་ཞིག་རག་རྒྱུའི་རེ་བ་ཡོད་ཅེས་འབྱོར་ལྡན་གྱིས་བརྩེ་བ་ཟབ་མོས་བཤད།
འབྱོར་ལྡན་གྱི་ཕ་མ་ཟླ་དཀར་བག་བྲོ་དང་མེ་ཏོག
ད་ལོ་ལོ་84སླེབས་པའི་ཟླ་དཀར་བག་བྲོ་དང་ལོ་81ལ་སླེབས་པའི་མེ་ཏོག་ནི་འབྱོར་ལྡན་གྱི་ཕ་མ་རེད། ད་ཆ་འབྱོར་ལྡན་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་། མ་གཞི་ལོ་ན་མཐོ་རུང་མི་རབས་བཞི་མཉམ་དུ་དགའ་སྤྲོ་འཆམ་མཐུན་ངང་འཚོ་བ་སྐྱེལ་བཞིན་ཡོད། ཕ་མ་གཉིས་པོས་ཁྱིམ་གྱི་འགན་ཆ་ཚང་སྔ་ས་ནས་བུ་འབྱོར་ལྡན་ལ་སྤྲད་པ་དང་། ཁོང་རྣམ་གཉིས་ཚ་བོ་ཚ་མོ་དང་མཉམ་དུ་ཚེ་མཇུག་བདེ་བར་རོལ་བཞིན་ཡོད།
ཟླ་དཀར་བག་བྲོས་བརྩེ་བ་ཟབ་མོས་བརྗོད་དོན། བཅིངས་འགྲོལ་དམག་གིས་ངའི་ཚེ་སྲོག་ཐེངས་གཉིས་བསྐྱབས་བྱུང་། ཐེངས་དང་པོ་ནི་དམངས་གཙོའི་བཅོས་སྒྱུར་བྱེད་པའི་ལོ་དེར་ང་ལྷ་སར་དོ་པོ་དབོར་མཁན་ཡིན། སྟབས་མ་ལེགས་པར་བྱེ་མའི་ནང་དིམ་ནས་འཆི་ལ་ཁད་དུ་བཅིངས་འགྲོལ་དམག་མིས་མཐོང་ནས་ང་བསྐྱབས་བྱུང་། ངར་ལྟོ་རྒྱགས་ཚད་སྟེར་བ་དང་གྱོན་གོས་མཐུག་པོ་གཡོགས་པ་མ་ཟད། ད་དུང་སྨན་བཅོས་ཀྱང་བྱས་བྱུང་།
ཐེངས་གཉིས་པ་ནི་ཡར་ལངས་བཅིངས་འགྲོལ་ཐོབ་པ་དེ་རེད། “དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བཅིངས་འགྲོལ་དམག་དང་ལས་དོན་རུ་ཁག་གི་གཙོ་སྐྱོང་འོག་ང་ཚོར་ས་ཞིང་བགོ་འགྲེམས་རག་བྱུང་། སྐབས་དེ་དུས་ཞིང་བྲན་བདག་པོས་སླར་ཡང་ས་ཞིང་བསྡུ་གི་རེད་སྙམ་བྱུང་། ས་ཞིང་གི་འཛིན་དང་བུན་འཛིན་མང་པོ་མེར་བསྲེགས་པ་མཐོང་རྗེས་དངོས་འབྲེལ་རང་དབང་ཐོབ་པའི་ཡིད་ཆེས་བྱུང”ཞེས་ཟླ་དཀར་བག་བྲོས་བཤད།
“ས་ཞིང་རག་རྗེས་ང་ཚོའི་འཚོ་བ་ཉིན་རེ་བཞིན་ལེཌ་སུ་ཕྱིན་སོང་། བདེ་སྡོད་ལས་གྲྭ་བརྒྱུད། ང་ཚོས་ཁང་པ་གསར་པ་བརྒྱབ་པ་ཡིན། ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་། སྒོ་ར། རླངས་འཁོར་འཇོག་ཁང་བཅས་ཆ་ཚང་ཡོད། ཁྱིམ་གྱི་འབྲུ་མཛོད་གསུམ་ནང་འབྲུ་རིཌ་བྱུར་བུར་བླུགས་ཡོད། ད་ཆ་ངའི་ཁྱིམ་དུ་འབྲི་གཡག་148དང་རྟ་གཅིག་དང་། ད་དུང་བྱེས་བགྲོད་རླངས་འཁོར་དང་། འདྲུད་འཐེན་འཕྲུལ་འཁོར། སྦག་སྦག་སོཌ་འགྲིམ་འགྲུལ་ཡོ་ཆས་ཚང་མ་ཡོད། བུ་ཕྲུག་ཚང་མ་སྲི་ཞུ་མཁན་ཤ་སྟག་ཡིན་པ་མ་ཟད། ད་ཆ་ཁོང་ཚོའི་ཕྲུ་གུ་ཁག་གཅིག་ཁྱིམ་ཐབ་བཟུང་བ་དང་ཚ་བོ་ཆུང་ཤོས་ཀྱང་སློབ་ཆེན་འགྲིམ་བཞིན་ཡོད། ང་ད་ཆ་བུ་འབྱོར་ལྡན་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། བུ་གྲོང་ཚོའི་ནང་གི་ཕྱུག་འགྱུར་འཇོན་ཐང་ཅན་ཡིན་པས་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བགྲེས་སོང་གིས་འཛུམ་དམུལ་དམུལ་ངང་བཤད།
འདི་ནི་འབྱོར་ལྡན་ཁྱིམ་གྱི་མི་རབས་བཞི་འཛོམས་ཀྱི་དྲན་རྟེན་པར་ཡིན་པ།
འདི་ནི་འབྱོར་ལྡན་གྱིས་སྐད་འཕྲིན་བརྒྱུད་གྲོང་ཚོ་ཨུ་ལྷན་གྱི་བརྡ་ཐོ་གྲོང་མིར་གཏོང་བཞིན་པ།
འདི་ནི་བགྲེས་སོང་ཟླ་དཀར་བག་བྲོས་ཡང་ཚ་གཉིས་ལ་འབྲོག་རའི་འཕོ་འགྱུར་སྐོར་གླེང་བཞིན་པ།
འདི་ནི་བགྲེས་སོང་གཉིས་བུ་ཕྲུག་ཚོའི་བསྙེན་བཀུར་འོག་ཚེ་མཇུག་བདེ་བར་རོལ་བཞིན་པ།
འདི་ནི་ཚ་བོ་བསྟན་པ་རྒྱ་མཚོས་བེའུར་ལྟོ་སྣོན་སྟེར་བཞིན་པ།
འདི་ནི་འབྱོར་ལྡན་དང་གྲོང་མིས་གསར་སྤེལ་བྱས་པའི་ཀྲི་ལུང་ཤུར་གྱི་གླིང་ག་ཡིན་པ།