དབུ་ཤོག>ཞིང་འབྲོག་གསར་པ།
  • བེད་མེད་དུ་འཇོག་པའི་ཞིང་ནང་དུ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-06-24

    ཡ་གདུང་གྲོང་ཚོའི་གྲོང་མི་ཤང་ཡུང་གིས་ཞིང་ནང་དུ་ལས་ལ་བྲེལ་བཞིན་མཆིས། “དེ་སྔ་ང་ཚོའི་འདི་གར་འབྲུ་རིགས་ཐེངས་གཅིག་ལས་འདེབས་ཀྱི་མེད། ཉེ་བའི་ལོ་གསུམ་རིང་ང་ཚོས་དགུན་དུས་སུ་སྔོ་ཚལ་འདེབས་ཀྱི་ཡོད་པས་ཡོང་འབབ་ལྡབ་འཕར་བྱུང”ཞེས་བཤད།

    2016ལོའི་གོང་དུ་མེ་ཏོག་རྫོང་གི་ཞིང་ལས་འདེབས་འཛུགས་རང་མཁོ་རང་སྤྲོད་ཐུབ་ཙམ་ལས་མེད། དེ་དུས་གཞི་ཁྱོན་ལྡན་པའི་སྔོ་ཚལ་འདེབས་འཛུགས་བྱེད་ཀྱི་མེད་ལ་ཚོང་ལས་ཅན་གྱི་ཐོན་སྐྱེད་ཀྱང་བྱེད་ཀྱི་མེད། འབྲས་ཞིང་དང་མ་རྨོས་ལོ་ཏོག་ལོ་ལྟར་ཟླ་9པར་བསྡུས་རྗེས་ས་གནས་དེ་གའི་མང་ཚོགས་ལ་དགུན་འདེབས་ཀྱི་གོམས་གཤིས་མེད་པས་ས་ཞིང་ལོ་ཕྱེད་ཙམ་བེད་མེད་དུ་འཇོག་གི་ཡོད།

    ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་མེ་ཏོག་རྫོང་ལས་དོན་ཚོགས་ཆུང་2016ལོར་རྫོང་དེར་བཅའ་སྡོད་བྱས་ཚུན། མེ་ཏོག་རྫོང་གི་ཞིང་ལས་དར་རྒྱས་དང་དབུལ་སྒྲོལ་ཕྱུག་འགྱུར་ཐད་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་ཡོད། ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་མེ་ཏོག་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཤེ་གོ་ཀའོ་ཡིས“དགུན་དུས་སུ་རྫོང་གྲོང་གི་ཉེ་འགྲམ་དུ་ཉི་འོད་ཕོག་ཡུན་རིང་བ་མ་ཟད། ཆར་ཆུ་ཉུང་ལ་སྨུག་པའང་མང་བས་སྔོ་ཚལ་འདེབས་འཛུགས་བྱས་ན་འཚམ་པོ་ཡོད། ང་ཚོས་བརྟག་ཞིབ་བྱས་རྗེས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལྟེ་བར་བྱས་ཏེ་ས་གནས་དེ་གའི་ཚད་ཡོད་ཀྱི་ས་ཞིང་ཐོན་ཁུངས་སྤྱད་དེ་འབྲས་ཞིང་བེད་མེད་དུ་འཇོག་པའི་སྐབས་སུ་སྔོ་ཚལ་བཏབ་པས་དུད་ཚང་གིས་དུད་ཚང་ལ་སྣེ་འཁྲིད་དང་། དུད་ཚང་གིས་དུད་ཚང་ལ་རོགས་རམ། དུད་ཚང་གིས་དུད་ཚང་ལ་སྐུལ་འདེད”སོགས་ཐུབ་པ་བྱུང་ཡོད་ཅེས་བཤད།

    ཡ་གདུང་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་ལ་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པས་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་དགུན་དུས་སྔོ་ཚལ་འདེབས་འཛུགས་རྟེན་གཞི་དང་པད་ཁའི་མེ་ཏོག་འདེབས་འཛུགས་ཀྱི་དཔེ་སྟོན་ཁུལ་རེད།

    2016ལོའི་དགུན་དུས་སུ་ཡ་གདུང་གྲོང་ཚོའི་དུད་ཚང་54ཡིས་བེད་མེད་འབྲས་ཞིང་ནང་སྔོ་ཚལ་འདེབས་འཛུགས་བྱས་པས་ཆ་སྙོམས་ཡོང་འབབ་འཕར་སྒོར་4000ལྷག་ཙམ་བྱུང་ཡོད། དེའི་ཁྲོད་ནས་དུད་ཚང་དབུལ་པོ་14དབུལ་སྒྲོལ་ཐུབ་ཡོད་པ་དང་གྲོང་མི་50ལྷག་ཙམ་གྱིས་སྔོ་ཚལ་འདེབས་འཛུགས་ཀྱི་ཚན་རིག་དང་མཐུན་པའི་ལག་རྩལ་སྣ་ཁ་5ཁོང་དུ་ཆུད་ཡོད་པ་རེད། ཡ་གདུང་གྲོང་ཚོའི་འབབ་འཕར་ཐབས་ལམ་དང་པོར་གྲུབ་འབྲས་ཐོབ་པ་ལས་གྲོང་མི་ཡོངས་ཀྱི་ཡིད་ཆེས་འཕེལ་ཡོད།

    2016ལོ་ཚུན་དུ་ཡ་གདུང་གྲོང་ཚོའི་དགུན་དུས་ཀྱི་སྔོ་ཚལ་དང་པད་ཁ་འདེབས་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ་མུའུ་54ནས་2018ལོའི་མུའུ་600བར་ཆེ་རུ་ཕྱིན་པ་ལས་སྔོ་ཚལ་དང་པད་ཁ་སོ་སོར་མུའུ་300ཟིན་ཡོད་པ་རེད། ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་མེ་ཏོག་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ལའེ་མིང་ཅན་གྱིས“གྲོང་ཚོ་དེ་ཡོངས་སུ་དུད་ཚང་160ཡོད་པ་ལས་དུད་ཚང་79ཡིས་འབྲས་ཞིང་བེད་མེད་དུ་འཇོག་པའི་དུས་སུ་སྔོ་ཚལ་འདེབས་ཀྱི་ཡོད་པས་ཆ་སྙོམས་ཡོང་འབབ་སྒོར་6000ལྷག་ཙམ་ཡོང་གི་ཡོད་པ་དང་། དུད་ཚང་རེར་ལོར་ཕྱིར་འཚོང་ཡོང་འབབ་མང་ཤོས་སྒོར་ཁྲི་2ལས་བརྒལ་གྱི་ཡོད་པ། དུད་ཚང་81གིས་རང་ཁྱིམ་གྱི་སྒོ་རར་སྔོ་ཚལ་བཏབ་པར་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་4000ཙམ་ཡོང་གི་ཡོད”ཅེས་བཤད།

    དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་ཁོ་ན་བྱས་ནས་བསྡད་ན་མི་འགྲིག་པས་2018ལོར་ལས་དོན་ཚོགས་ཆུང་གིས་ད་དུང་ལས་བྱེད་པ་དང་སྔོ་ཚལ་འདེབས་འཛུགས་དུད་ཚང་གི་འཐུས་མི་ཁག་གཅིག་ཧྲན་ཏུང་ཧྲོའུ་ཀོང་སོགས་ས་ཆར་ལྟ་སྐོར་དང་སློབ་སྦྱོང་ལ་བཏང་བ་དང་ཧྥོ་ཧྲན་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་ཞིང་ལས་ལག་རྩལ་པ་གདན་དྲངས་ཏེ་འདེབས་འཛུགས་ལག་རྩལ་བསླབས་པ་རེད།

    གྲོང་ཚོ་དེ་ཡོངས་ཀྱི་དགུན་དུས་སྔོ་ཚལ་འཚོང་ས་མེད་པའི་སེམས་ཁྲལ་བྱེད་མི་དགོས་ལ་འབབ་འཕར་གྱི་ཐབས་ལམ་ལ་ཕན་ནུས་མྱུར་པོ་ཐོན་ཡོད། མེ་ཏོག་རྫོང་ལ་རོགས་སྐྱོར་བྱེད་མཁན་ལས་དོན་རུ་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་ཡ་གདུང་གྲོང་ཚོས་སྔོ་ཚལ་ཕྱིར་འཚོང་གི་ལས་སྟེགས་བཏོད་ཡོད། ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་མེ་ཏོག་གྲོང་རྡལ་གྱི་རྒྱུན་ལས་ཀྲེན་ཀྲང་གཞོན་པ་ཡུས་ཞའོ་ཁུན་གྱིས“ཕྱོགས་གཅིག་ནས་གྲོང་མིས་རྫོང་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་སོགས་ལ་གནས་གཏན་འཁེལ་གྱིས་སྔོ་ཚལ་མཁོ་འདོན་བྱེད་ཀྱི་ཡོད་པ་དང་ཕྱོགས་གཞན་ཞིག་ནས་གྲོང་ཚོའི་མཉམ་ལས་ཁང་གིས་སྔོ་ཚལ་འདེབས་འཛུགས་དུད་ཚང་གི་སྐད་འཕྲིན་ཚོགས་པ་དང་ཚོང་ཁང་གི་ཉོ་སྒྲུབ་སྐད་འཕྲིན་ཚོགས་པ་བཟོས་ནས་མངགས་ཉོ་རྣམ་པའི་ཉོ་སྒྲུབ་དང་སྡེབ་སྐྱེལ་བྱས་པས་ཐོན་འཚོང་འབྲེལ་མཐུད་ནུས་ལྡན་ཐུབ་ཡོད”ཅེས་བཤད།

    ལོ་གསུམ་ནང་ཡ་གདུང་གྲོང་ཚོར་བེད་མེད་དུ་འཇོག་པའི་ཞིང་ནང་དུ་དགུན་དུས་སྔོ་ཚལ་འདེབས་འཛུགས་ཀྱི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་སྟེ་ཞིང་པ་འབབ་འཕར་ཕྱུག་འགྱུར་བྱུང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མང་པོའི་དབུལ་ཞྭ་ཡང་རིམ་གྱིས་ཕུད་ཐུབ་པ་བྱུང་ནས་བེད་མེད་དུ་འཇོག་པའི་ས་ཞིང་གྲོང་མི་ཕྱུག་འགྱུར་གྱི་ས་ཞིང་དུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།