མིག་དཔེའི་སྟོབས་ཤུགས་སྔར་བས་སྤྱད་དེ་མང་ཚོགས་དབུལ་པོའི་དབུལ་སྒྲོལ་གྱི་ཡིད་ཆེས་དང་ངར་ཤུགས་འཕེལ་བར་བྱ་ཆེད། ཉིན་ཤས་གོང་ཆུ་ཤུར་རྫོང་གིས་གྲོང་གསེབ་དབུལ་སྒྲོལ་གྱི“བསྡུར་སློབ་སྙེག་བརྒལ་རོགས”ཀྱི་བབ་བསྟུན་ལས་གཏོད་བྱེད་སྒོ་སྤེལ་བ་རེད།
ཆུ་ཤུར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆུ་ཕུ་གྲོང་ཚོའི་བུད་མེད་མང་ཚོགས་10ར་སྟོད་གྲོང་ཚོའི་བུད་མེད་ཕྱུག་འགྱུར་སྣེ་ཁྲིད་པ་ལྷག་ཕུར་གྱི་ཁྱིམ་དུ་འཁེལ་འཐག་ལག་རྩལ་སྦྱོང་བར་འཁྲིད་པ་དང་། ལྷག་ཕུར་གྱིས་འགྲེལ་བཤད་བརྒྱབ་པ་དང་། སྦྱོང་མཁན་གྱིས་དངོས་སུ་བསླས་པ། གཅིག་གཏད་གཅིག་གིས་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད། བུད་མེད་མང་ཚོགས་ཚོས་འཁེལ་འཐག་ལག་རྩལ་མགྱོགས་མྱུར་ཤེས་པ་རེད། རྒྱུན་དུ་ཚོང་ཁང་ནང་འཚོང་རྒྱུ་ཡོད་པའི་ཐོན་རྫས་རང་ཉིད་ཀྱིས་བསླ་ཤེས་སྐབས། ཚང་མའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བ་རེད།
སློབ་མ་ཚོས“སྲིད་གཞུང་གིས་ང་ཚོར་ད་ཐེངས་རྩལ་ནུས་སྦྱོང་བའི་གོ་སྐབས་བཟང་པོ་འདི་འདྲ་ཞིག་གནང་བས་སྦྱངས་འབྲས་བཟང་པོ་ཐོབ་བྱུང་། ང་ཚོས་དེ་ཐེངས་ཀྱི་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ནས་འཁེལ་འཐག་ལག་རྩལ་་ཁོང་དུ་ཆུད་པ་བྱས་ཏེ་བུད་མེད་དེ་བས་མང་བས་ལག་རྩལ་དེར་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡིན”ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།