དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷུན་རྩེ་རྫོང་གཉལ་གཞུང་བཞོན་མ་གསོ་ཚགས་རྟེན་གཞིས་མང་ཚོགས་དབུལ་སྒྲོལ་བྱེད་རོགས་བྱས་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-21

    དབྱར་ཐོག་མའི་དུས་སུ་གསར་འགོད་པ་ལྷུན་རྩེ་རྫོང་གཉལ་གཞུང་བཞོན་མ་གསོ་ཚགས་རྟེན་གཞིར་བཅར་འདྲིར་སྐྱོད་ཅིང་། གསར་འགོད་པའི་མིག་ལམ་དུ་ཐོག་མར་འཆར་བ་ནི་དེང་རབས་ཅན་གྱི་བཞོན་མ་གསོ་ཚགས་རྟེན་གཞི་ཞིག་རེད། ར་བའི་ནང་གཙང་ལ་གྲལ་འགྲིག་པ་དང་། མཛོད་ཁང་དང་། གཞུང་ལས་ཁང་། དུག་སེལ་ཁང་། གཟན་ཆག་ལས་སྣོན་ཁང་སོགས་ཀྱི་སྒྲིག་ཆས་གང་དགོས་ཚང་མ་འདུག 

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་འདྲེན་དུ་གྱུར་པ།

    “བཞོན་མ་གསོ་ཚགས་ནི་སྔར་ནས་བཟུང་ལྷུན་རྩེ་རྫོང་གི་ཁྱད་ལྡན་ཐོན་ལས་ཤིག་ཡིན་ལ། ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཉི་གཞོན་ཐོན་ལས་ཤིག་ཀྱང་རེད། གཉལ་གཞུང་གི་ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་རྟེན་གཞི་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་གཉལ་གཞུང་དུ་བ་གླང་གི་རྒྱུད་པ་ལེགས་བཅོས་ཐུབ་པ་མཚོན་པ་དང་། འདེབས་གསོའི་ཐོན་ལས་མཉམ་འདྲེས་ཟབ་མོ་བྱུང་བ་ཡང་མཚོན་ཡོད”ཅེས་ལྷུན་རྩེ་རྫོང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་པ་སངས་དབང་འདུས་ཀྱིས་གསར་འགོད་པར་བརྗོད་བྱུང་།

    གཉལ་གཞུང་ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་རྟེན་གཞིའི་རྣམ་གྲངས་ལ་སྲིད་གཞུང་དང་ཁེ་ལས་མཉམ་ལས་བྱེད་སྟངས་སྤྱད་ཡོད། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་7300ལྷག་ཙམ་བཏང་བ་དང་ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་4700ལྷག་ཙམ་གྲབས་གསོག་བྱས་པ་རེད། དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ས་མཐོའི་སྣོད་བཅུད་བཞོན་མ་གསོ་ཚགས་རྟེན་གཞི་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། དུས་མཚུངས་མིག་སྔའི་ལྷོ་ཁ་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་ཤོས་ལྡན་པའི་བཞོན་མ་གསོ་ཚགས་ར་བ་ཞིག་ཀྱང་ཡིན།

    བཞོན་མ་གསོ་ཚགས་རྟེན་གཞིའི་འཕེལ་རྒྱས་སྐོར་གླེང་སྐབས། གཉལ་གཞུང་ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་རྟེན་གཞིའི་སྤྱི་ཁྱབ་ཅིང་ལི་བག་གྲོས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“ང་ཚོས་ལྷ་སའི་ས་གཙང་འོ་ལས་ཀུང་སི་དང་གྲོས་མོལ་བྱེད་བཞིན་པའི་སྒང་ཡིན། ཉིན་གཉིས་གོང་ཁོང་ཚོ་ང་ཚོའི་ཀུང་སིའི་འོ་མ་སོས་པར་ཞིབ་དཔྱད་བྱེད་པར་སླེབས་སོང་། དམིགས་ཚད་ཚང་མ་ཚད་ལོན་སོང་། སླད་ཕྱིན་ང་ཚོས་ད་དུང་ལྷད་མེད་པའི་འོ་མ་དང་ཞོ་སོགས་ཀྱི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱས་ནས་འཚོང་རྒྱུ་ཡིན”ཞེས་བཤད་བྱུང་།

    མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཞིང་ས་གཤིན་པོར་གྱུར་པ།

    ཉེ་བའི་ལོ་ཤས་རིང་ལྷུན་རྩེ་རྫོང་གིས་ལས་ཞུགས་རོགས་སྐྱོར་ལ་བརྟེན་ནས་འབབ་འཕར་བརྟན་པོ་ཡོང་བ་དང་ཐོན་ལས་རོགས་སྐྱོར་ལ་བརྟེན་ནས་ཕྱུག་འགྱུར་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་ལག་ལེན་ཤུགས་ཆེན་བསྟར་བས། རོགས་སྐྱོར་གྱི་སྤུས་ཚད་མཐོ་རུ་ཕྱིན་པ་དང་མང་ཚོགས་དབུལ་པོ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། གསར་འགོད་པ་བཞོན་མ་གསོ་ཚགས་རྟེན་གཞིའི་བ་གསོ་ར་བར་སླེབས་སྐབས་བཞོན་མར་ཉིན་དགུང་གི་གཟན་ཆག་སྟེར་བཞིན་པའི་སྒང་རེད་འདུག རྐང་པ་ཐང་པོ་མེད་པའི་བ་གཡོག་རྒྱུག་མཁན་ཞིག་བ་ཚང་ནང་བཞོན་མར་ལྟོ་སྟེར་བཞིན་འདུག དེ་ནི་རི་ཐང་གྲོང་རྡལ་སྦྲ་གྲོང་ཚོའི་གྲོང་མི་སྒྲོལ་མ་ཆོས་སྒྲོན་རེད། “ཆུང་དུས་ནས་རྐང་པ་ཐང་པོ་མེད་པས་ཕྱིར་ལས་ཀར་འགྲོ་ཐབས་བྲལ་ཞིང་། དེ་སྔ་ཡིན་ན་ཁྱིམ་དུ་སྡོད་རྒྱུ་ལས་ཐབས་གཞན་མེད། ད་ཆ་འདི་གར་ལས་ཀར་སླེབས་རྗེས་ཁ་ལག་དང་ཉལ་ཁང་ལ་འགན་ལེན་ཡོད་པའི་ཁར། ད་དུང་ཟླ་བ་གཅིག་ལ་གླ་ཆ་སྒོར་4000ལེན་རྒྱུ་འདུག་པས། རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་སྐྱོར་བྱེད་ཐབས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།

    སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དགའ་ཚལ་དུ་གྱུར་པ།

    ད་ཆ་གཉལ་གཞུང་བཞོན་མ་གསོ་ཚགས་རྟེན་གཞིས་ཅུང་སྔོན་ཐོན་གྱི་ལྕི་བ་དང་གཅིན་པ་དབྱེ་བསྲེས་ཀྱི་ལག་རྩལ་སྤྱོད་བཞིན་ཡོད།

    ལྕི་བ་ཐོན་སྐྱེད་ཁུལ་དུ་སློབ་ཆེན་ཐོན་མ་ཐག་པའི་ཕུན་ཚོགས་ཡོན་ཏན་གྱིས་ལྕི་བ་དང་གཅིན་པ་དབྱེ་བསྲེས་འཕྲུལ་ཆས་བྱང་ཆ་ལྡན་པའི་སྒོ་ནས་བཀོལ་སྤྱོད་བྱེད་བཞིན་འདུག ཁོང་གིས“ལྕི་བ་དང་གཅིན་པ་དབྱེ་བསྲེས་བྱས་རྗེས་ལོ་ལྟར་གཤེར་གཟུགས་ཀྱི་སྐྱེ་ལྡན་ལུད་ཏུན་2000ལྷག་ཙམ་དང་སྲ་གཟུགས་ཀྱི་སྐྱེ་ལྡན་ལུད་ཏུན་1500ལྷག་ཙམ་ཐོན་སྐྱེད་ཐུབ་ཀྱི་ཡོད། སྐྱེ་ལྡན་ལུད་དེ་དག་གཟན་རྩྭའི་རྟེན་གཞི་དང་རྫོང་གྲོང་གི་སྔོ་ཚལ་དྲོད་ཁང་རྟེན་གཞིར་སྐྱེལ་གྱི་ཡོད་པས་ལྗང་མདོག་ཕན་ཆེའི་འདེབས་གསོ་ཟུང་འབྲེལ་མངོན་འགྱུར་ཐུབ་ཡོད”ཅེས་ངོ་སྤྲོད་བྱས།

    “ངས་ཀུང་སིའི་གཞོན་ནུ་ཚོ་དང་ལྷག་དོན་དུ་སློབ་གྲྭ་ཆེ་མོ་བ་རང་ཉིད་ཀྱི་ཕྲུ་གུ་ལྟ་བུར་བརྩིས་ནས་གསོ་སྐྱོང་བྱེད་ཀྱི་ཡོད”ཅེས་བག་གྲོས་བཤད། རྫོང་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་བའི་ལོ་ཤས་རིང་ལྷུན་རྩེ་རྫོང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུཌ་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རིམ་པ་ཁག་གི་སྟོབས་ཤུགས་སྐོང་འཐེན་གང་ལེཌ་ཀྱིས་དཔེ་མཚོན་སྣེ་ཁྲིད་དང་། ལས་ཞུགས་ལྟ་བ་བསྒྱུར་བ། ལས་སྟེགས་བཏོད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་སློབ་གྲྭ་ཆེ་མོ་བ་ལས་ཞུཌ་ལས་གཏོད་ཐུབ་ཐབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།