དབུལ་སྒྲོལགཏམ་རྒྱུད།
2017ལོའི་ཟླ་3པར། གཡང་རྭ་གྲོང་ཚོའི་དུད་ཚང་དབུལ་པོ་གཙོས་མང་ཚོགས་50ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ།
2017ལོའི་ལོ་མཇུག་ཏུ། གཡང་རྭ་གྲོང་ཚོའི་གྲོང་མིར་འབྲི་གཡག་སྡེབ་ཉོ་བསྐྱར་བགོའི་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་རག་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་7500མཐོ་རུ་སོང་བ།
མི་ཚོས་རྒྱུན་དུ“བུད་མེད་ཀྱིས་གནམ་ཕྱེད་ཀ་འདེགས”ཞེས་བཤད། ཡིན་ནའང་ལྷ་རི་རྫོང་གླིང་མཐིལ་ཤང་གཡང་རྭ་གྲོང་ཚོར་ཉི་རྣམ་ལྷ་མཚོའི་སྐོར་གླེང་ན“ཁོ་མོས་གནམ་ཆ་ཚང་འདེགས་ཐུབ”ཞེས་བཤད་ཀྱང་ཆོག
“ཧྲུའུ་ཅི་ཉི་རྣམ་ལྷ་མཚོས་ང་ཚོ་གནད་དོན་གོང་ཞུ་བྱེད་མཁན་གྱི་གྲོང་མི་ཚང་མར་ལྷག་བསམ་རྣམ་དག་བྱེད་པ་དང་། འགལ་ཟླ་གང་འདྲ་ཡིན་རུང་མི་གཡོལ་བར་རང་ཉིད་ཀྱི་ལྟ་བ་དང་བསམ་འཆར་དྲང་བོར་བཏོན་ཏེ་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་ངེས། གྲོང་ཚོའི་ལས་བྱེད་པས་ང་ཚོར་རོགས་རམ་གང་ཐུབ་བྱེད་པ་མཐོང་སྐབས། ང་ཚོའི་མ་རངས་དང་ཁོང་ཁྲོའང་རང་བཞིན་གྱིས་ཞི་སྟེ་བསམ་འཆར་ཉུང་དུ་འགྲོ་ཡི་ཡོད”ཞེས་ཉི་རྣམ་ལྷ་མཚོས་མང་ཚོགས་ལ་ལེགས་སྐྱེས་ཧུར་ཐག་འབུལ་བ་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པའི་རྩ་བའི་ལས་འགན་ལ་བརྩིས་པས། མང་ཚོགས་ཀྱི་བསྟོད་བསྔགས་དང་ཡིད་ཆེས་མགྲིན་གཅིག་ཏུ་ཐོབ་པ་མ་ཟད་མང་ཚོགས་ཚོས་ཀྱང་ཏང་གི་ཐུགས་ཁུར་དངོས་སུ་ཚོར་ཡོད།
2016ལོའི་ལོ་མཇུག་ཏུ་ཉི་རྣམ་ལྷ་མཚོ་ལྷ་རི་རྫོང་གླིང་མཐིལ་ཤང་གཡང་རྭ་གྲོང་ཚོར་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ལ་མངགས། ལས་འགན་འཁུར་ཚུན་ཁོ་མོས་ཧྲུའུ་ཅི་དང་པོའི་འགན་འཁྲི་ལེགས་པར་སྒྲུབ་པ་མཐའ་འཁྱོངས་བྱས་ཁར། རང་ངོས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་དང་། ལས་དོན་ཏག་ཏིག་སྒྲུབ་པ། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་མཐུན་སྒྲིལ་གྱིས་དཀའ་སེལ་འབད་བརྩོན་བཅས་བྱས་པས། གཡང་རྭ་གྲོང་ཚོའི་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། ཉི་རྣམ་ལྷ་མཚོས་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སྐུལ་སློང་ཚོགས་ཆེན་འཚོགས་ནས་གྲོང་ཚོའི་ལས་བྱེད་པའི་བསམ་བློ་གཅིག་གྱུར་དང་གྲོང་ཚོའི་ལས་བྱེད་པའི་དབུལ་སྒྲོལ་གྱི་གདེང་ཚོད་ཆེ་རུ་བཏང་བ་མ་ཟད། “དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་བྱེད་དགོས་པ་དང་། དཀའ་ངལ་ཡོད་པར་རོགས་སྐྱོར་བྱེད་པ་ལས་སྒྱིད་ལུག་ཅན་ལ་རོགས་སྐྱོར་མི་བྱེད་པའི”རྩ་དོན་འདི་གཞིར་བཟུང་། དུད་ཚང་དང་མི་སྣར་བསྟུན་ནས་རོགས་སྐྱོར་བྱེད་ཐབས་དང་དབུལ་སྒྲོལ་འཆར་གཞི་བཟོས་པ་རེད།
“ཉི་རྣམ་ལྷ་མཚོས་ཤང་དང་གྲོང་ཚོའི་འགོ་ཁྲིད་ཚན་ཁག་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས་ཀྱི་དུས་འགོ་དང་། དུས་དཀྱིལ། དུས་མཇུག་བཅས་ཡོངས་སུ་དུད་ཚང་དབུལ་པོར་ཁེ་ལས་དང་མཉམ་ལས་དང་། ས་ཞིང་ནང་བཤུག ཐོན་ལས་མ་འཇོག་སོགས་ཀྱི་ལས་དོན་སྒྲུབ་རོགས་བྱས་པ་མ་ཟད། དུད་ཚང་དབུལ་པོའི་ཐོན་རྫས་བྲིན་ཚོང་སོགས་ཀྱི་གནད་དོན་བསལ་བ་རེད། དུད་ཚང་དབུལ་པོར་ཡོང་འབབ་རག་རྗེས་ད་གཟོད་ཁེ་ལས་དང་མཐུན་ཚོགས་ལ་མ་རྩ་ཕྱིར་བསློགས་ནས་ཁེ་བཟང་བགོ་བཤའ་བརྒྱབ་པས་‘གཞན་བརྟེན’ནས‘རང་བརྟེན’དུ་གྱུར་པ་དང་། དུད་ཚང་དབུལ་པོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཧུར་སེམས་དང་ནང་སྐྱེས་སྒུལ་ཤུགས་སྐོང་འཐེན་ནུས་ལྡན་ཐུབ་ཡོད”ཅེས་གླིང་མཐིལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་སྟོབས་རྒྱལ་གྱིས་གསར་འགོད་པར་བརྗོད་ཅིང་། ཁོང་གིས་2017ལོའི་ཟླ་3པར་གཡང་རྭ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མང་ཚོགས་ཀྱི་བསམ་བློ་གཅིག་གྱུར་བྱུང་བའི་རྨང་གཞིའི་ཐོག གཡང་རྭ་གྲོང་ཚོའི་དེ་སྔའི་གཡང་རྭ་ཕྱུག་མོ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ནག་ཆུ་ས་ཁུལ་བྱང་ཐང་འབྲོག་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་གན་རྒྱ་བཞག་སྟེ་གཡང་རྭ་གྲོང་ཚོའི་དུད་ཚང་དབུལ་པོ་གཙོར་བྱས་པའི་མང་ཚོགས་50ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད། 2017ལོའི་ལོ་མཇུག་ཏུ་གཡང་རྭ་གྲོང་ཚོའི་གྲོང་མིར་འབྲི་གཡག་སྡེབ་ཉོ་བསྐྱར་བགོའི་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་རག་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་7500མཐོ་རུ་སོང་བ་དང་། དུད་ཚང་དབུལ་པོར་ཐོན་ལས་ལ་བརྟེན་ནས་རྒྱུན་མཐུད་འབབ་འཕར་བྱུང་བ་རེད།
དེའི་རིང་། མང་ཚོགས་དངོས་འབྲེལ་དབུལ་སྒྲོལ་དང་དབུལ་པོ་དངོས་དབུལ་སྒྲོལ་ཐུབ་ཆེད། ཉི་རྣམ་ལྷ་མཚོས་མང་ཚོགས་ཀྱི་བསམ་བློའི་སློབ་གསོ་དང་བསམ་བློའི་ཁྲིད་སྟོན་ཐད་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཀྱི་རེ་འདུན་དང་མི་རེ་ངོ་རེའི་བསམ་བློ་གཏོང་ས་ཤེས་རྟོགས་བྱས་པ་མ་ཟད། དེ་དག་གི་རྒྱུ་མཚན་ལ་དབྱེ་ཞིབ་བྱས་པ་དང་། འཆར་གཞི་བཟོས་ནས་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་རྙིང་ཞེན་བག་འཁུམ་གྱི་བསམ་བློ་དེང་རབས་སྒོ་དབྱེའི་བསམ་བློར་བསྒྱུར་བ་དང་སྲོལ་རྒྱུན་གྱི་འབྲོག་ལས་འཕེལ་རྒྱས་ཀྱི་བསམ་བློ་ནས་དེང་རབས་ཀྱི་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་བསམ་བློར་སྒྱུར་བར་སྐུལ་འདེད་བཏང་བ་རེད།
“གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་ངོས་ནས་དམངས་ཀྱི་འགལ་ཟླ་དང་རྩོད་གཞི་སེལ་བ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། གྲོང་མིར་སྐུལ་ཁྲིད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་བཅས་ནི་རང་འཁྲིའི་འགན་འཁྲི་ཡིན་ལ། གཟི་བརྗིད་ལྷག་ཏུ་ལྡན་པའི་ལས་འགན་ཡང་རེད”ཅེས་ཉི་རྣམ་ལྷ་མཚོས་སྔར་ནས་བྱ་གཞག་དེ་དག་རང་ཉིད་ཀྱི་འགན་བབ་ལ་བརྩིས་ཤིང་། ལས་ཀར་སེམས་ནུས་ཡོད་རྒུ་བཏོན་ནས་གྲོང་ཚོ་ཡོངས་ཀྱི་འཕེལ་རྒྱས་ལ་གཞོལ་བ་རེད། ཉེ་འགྲམ་དུ་ཧྲུའུ་ཅི་བཟང་པོ་འདི་འདྲ་ཞིག་གིས་ལས་དོན་ལ་གཞོགས་འདེགས་དང་གྲོང་ཚོའི་འཕེལ་རྒྱས་མྱུར་པོར་སྐུལ་འདེད་བཏང་བས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་ཀྱང་ཉི་རྣམ་ལྷ་མཚོར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།
ཉི་རྣམ་ལྷ་མཚོས་གང་བསམ་ཐམས་ཅད་གཡང་རྭ་གྲོང་ཚོར་ཕྱོགས་ཤིང་། ལྷག་བསམ་རྣམ་དག་དང་ཏན་ཏན་ཏིག་ཏིག་གི་ཧུར་སེམས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་ཞིག་གིས་དམངས་ལ་འཕྲེང་བའི་སེམས་པ་མཚོན་གྱི་ཡོད།