ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུང་ཚང་གྲོང་ཚོའི་བོད་བྱ་གསོ་ཚགས་ཁང་དུ་བོད་བྱ་ཁྱུ་དང་ཁྱུ་དྲོ་ཞིང་འཇམ་པའི་ཉི་འོད་འོག་ཅི་དགར་རོལ་བཞིན་ཡོད་པ་དང་ལས་མི་འགའ་ཞིག་སྒོ་ང་བསྡུ་བ་དང་བྱ་དེར་ལྟོ་སྟེར་བར་བྲེལ་བཞིན་མཆིས།
ལོ་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་བབ་དང་བསྟུན་ཏེ་མ་དངུལ་སྒོར་ཁྲི་62.19བཏང་ནས་དགུང་ཚང་ཤང་དགུང་ཚང་གྲོང་ཚོར་དགུང་ཚང་གྲོང་ཚོའི་བྱ་གསོ་ར་བའི་དབུལ་སྐྱོར་རྣམ་གྲངས་གཉེར་བ་རེད། 2016ལོའི་ཟླ་5པར་རྣམ་གྲངས་གཉེར་འགོ་ཚུགས་པ་དང་འཛུགས་སྐྲུན་རྒྱ་ཁྱོན་མུའུ་240ནས་བྱ་ཚང་གིས་མུའུ་200བཟུང་ཞིང་། 2016ལོའི་ཟླ་8པར་བསྐྲུན་མཇུག་བསྒྲིལ་ནས་ཟླ་9པར་སྤྱོད་འགོ་ཚུགས། ལོ་དེ་དག་རིང་། གྲོང་སྡོད་ལས་དོན་རུ་ཁག་གི་མཐུན་སྦྱོར་ཧུར་ཐག་འོག་བྱ་གསོ་ར་བ་སྔ་བར་ཕྱི་གསུམ་དུ་གཉེར་སྐྱོང་ཡག་པོ་བྱུང་ཡོད། “ཀུང་སི+ཞིང་དུད”ཀྱི་གཉེར་སྐྱོང་བྱེད་ཐབས་སྤྱད་པ་བརྒྱུད། མཉམ་ལས་ཀུང་སིས་གྲོང་ཚོའི་དུད་ཚང་7གྱི་ཞིང་པ་མང་ཚོགས་ལ་ལག་རྩལ་དང་དོ་དམ་གྱི་གསོ་སྦྱོང་བྱས་པ་མ་ཟད། དུད་ཚང་7གྱི་ཞིང་པ་མང་ཚོགས་དང་མཉམ་དུ་བོད་བྱ་གསོ་ཚགས་ཀྱི་ཆེད་ལས་མཉམ་ལས་ཁང་ཞིག་ཀྱང་བཙུགས་པ་རེད།
ལམ་ལུགས་བཟོ་བ་དང་། ཕྱིར་ཚོང་ལམ་བུ་འཚོལ་བ། ཐུམ་སྒྲིལ་རྒྱག་པ་སོགས་དགུང་ཚང་གྲོང་ཚོས་བོད་བྱའི་སྒོ་ངའི་ཕྱིར་ཚོང་ལམ་བུ་ཤར་གཏོང་མེད་པའི་གནད་དོན་ཐག་གཅོད་བྱེད་ཆེད། ཉིང་ཁྲི་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་གཉིས་དང་དངོས་ཟོག་མཁོ་འདོན་གྱི་གྲོས་མཐུན་ཧུར་ཐག་བཞག་ཅིང་། 59%ཡན་གྱི་བོད་བྱའི་སྒོ་ང་སྒོ་རྩིས་ཚོང་ཁང་གིས་ཉོ་རྒྱུ་གཏན་འཁེལ་བཟོས་ཏེ་ཁེ་ལས་ཀྱི་ལས་སྟེགས་ལ་བརྟེན་ནས་གནད་སྨིན་དབུལ་སྒྲོལ་ལ་རམ་འདེགས་བྱེད་པའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་པ་རེད
འདི་ལོ་བོད་བྱ་གསོ་ཚགས་ར་བས་བོད་བྱའི་སྒོ་ང་བཙོངས་པར་ཡོང་འབབ་སྒོར་ཁྲི་13ཟིན་པ་དང་། དགུང་ཚང་གྲོང་ཚོའི་དུད་ཚང་དབུལ་པོ་རེར་ཆ་སྙོམས་བགོ་འགྲེམས་སྒོར་ཁྲི་1.3རག་ཡོད། “དངོས་གནས་བསམ་ཡུལ་ལས་འདས་སོང་། སྒོ་ང་ཆུང་ཆུང་ཞིག་ལ་ཚོང་ལམ་ཡག་པོ་དེ་འདྲ་འདུག ན་ནིང་ངའི་ཁྱིམ་ལ་བགོ་འགྲེམས་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་བས་ཧ་ཅང་དགའ་པོ་འདུག”ཅེས་གྲོང་མི་གཡང་འཛོམས་ཀྱིས་བཤད།