རྔུལ་ཤོད་ཤང་ནི་ལྷོ་རོང་རྫོང་གི་ཚོང་འབྲུའི་རྟེན་གཞི་དང་སོན་བཟང་གསོ་སྤེལ་རྟེན་གཞི་ཞིག་ཡིན་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་44ཡོད། 2015ལོ་ཚུན་དུ་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་དབུལ་སྒྲོལ་རྣམ་གྲངས་ཁག་སྔ་རྗེས་སུ་དོན་འཁྱོལ་བྱུང་བ་དང་སྦྲགས་བསྐྲུན་འགོ་ཚུགས་པས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་སྐྱེལ་འདྲེན་གྱི་ལས་ལ་ཞུགས་ནས་ཡོང་འབབ་འཕར་ཐབས་བྱེད་པར་གོ་སྐབས་གལ་ཆེན་མཁོ་འདོན་བྱས་པ་རེད།
“2015ལོར་ཤང་དུ་རླངས་འཁོར་རུ་ཁག་བཙུགས་པ་དང་རླངས་འཁོར་30ལྷག་ཙམ་གྱིས་སྐྱེལ་འདྲེན་གྱི་ལས་ལ་གཞོལ་ཏེ་ཡོང་འབབ་གསོག་གི་ཡོད་པས་ངས་ཀྱང་དངུལ་བུན་གཡར་ནས་རླངས་འཁོར་ཞིག་ཉོས་པ་ཡིན། དེ་ལྟར་མ་བྱས་ཚེ་ངས་རླངས་འཁོར་གཏོང་ཤེས་ཀྱང་གོ་མི་ཆོད་པ་རེད”སྐྱེལ་འདྲེན་ལས་ལ་གཞོལ་བའི་ཁྲོམ་ར་དང་ཁེ་སྤོགས་མཐོང་སྐབས་རྔུལ་ཤོད་ཤང་སྒང་གྲོང་གྲོང་ཚོའི་གྲོང་མི་ཟླ་བ་ཚེ་རིང་ལ་རླངས་འཁོར་ཉོ་རྒྱུའི་བསམ་བློ་འཁོར། 2017ལོར་ཁོང་གིས་ཁྱིམ་ཚང་གི་གསོག་དངུལ་ཐོག་དངུལ་བུན་སྒོར་ཁྲི་3གཡར་ཏེ་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནས་དོས་སྐྱེལ་རླངས་འཁོར་རྙིང་པ་ཞིག་ཉོས་པ་རེད། ཁོང་གིས“སྐབས་དེ་དུས་ཁྱོན་བསྡོམས་སྒོར་ཁྲི་17ཤོར་སོང་། ད་དུང་ཡང་སྒོར་ཁྲི་8ཆད་པ་རེད”ཅེས་བཤད།
རླངས་འཁོར་འཁྲུ་བཞིན་པའི་ཟླ་བ་ཚེ་རིང་གིས“སྐྱེལ་འདྲེན་རུ་ཁག་ལ་ཞུགས་པས་ལས་ཀ་མེད་པའི་སེམས་ཁྲལ་མི་འདུག 2017ལོར་སྐྱེལ་འདྲེན་ལས་ལ་གཞོལ་བའི་ཟླ་3རིང་ཡོང་འབབ་སྒོར་ཁྲི་3བྱུང་། ངས་ཐོག་མར་སེམས་ཐག་བཅད་པ་དེ་འགྲིག་པ་ཞིག་རེད་འདུག 2018ལོར་སྐྱེལ་འདྲེན་ཐེངས་34བྱས་པར་ཡོང་འབབ་ཁེ་གཙང་སྒོར་ཁྲི་7བྱུང”ཞེས་བརྗོད་པ་དང་ཡོང་འབབ་ཐད་ཁོང་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་ཡོད་པ་རེད།
ལོ་གསུམ་གྱི་འཕེལ་རྒྱས་བརྒྱུད། 2018ལོའི་ལོ་མཇུག་ཏུ་རྔུལ་ཤོད་ཤང་སྐྱེལ་འདྲེན་རུ་ཁག་ལ་དོས་སྐྱེལ་རླངས་འཁོར་ཆེ་གྲས་95ཡོད་པ་རེད།
ཟླ་བ་ཚེ་རིང་གི་ཁྱིམ་ལ་ཁྱོན་ནང་མི་5ཡོད་པའི་ཁྲོད་ངལ་ནུས་ལྡན་པ་ཁོང་དང་བཟའ་ཟླ་བདེ་སྒྲོལ་གཉིས་ཡིན་པ་དང་ཕྲུ་གུ་གསུམ་པོ་སློབ་གྲྭར་སྐྱོད་བཞིན་ཡོད་པ་རེད། དོས་སྐྱེལ་རླངས་འཁོར་མ་ཉོས་གོང་། ཁྱིམ་ཚང་གི་ཡོང་འབབ་ཡོང་ཁུངས་དབྱར་རྩྭ་དགུན་འབུ་འཐུ་བ་ཕུད་ལས་ཀ་ཙག་ཙིག་བྱ་རྒྱུ་དེ་རེད། “མ་གཞི་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2ཙམ་ཡོད་རུང་དེ་ཙམ་བརྟན་པོ་མེད། རླངས་འཁོར་ཉོས་རྗེས་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད། ད་དུང་ཁྱིམ་ལ་ལྟ་རྟོག་བྱེད་ཐུབ་ཀྱི་འདུག ད་ཆ་རླངས་འཁོར་ཉོས་པའི་དངུལ་ཚང་མ་སྤྲད་ཟིན་པས་སླད་ཕྱིན་གྱི་ཡོང་འབབ་ཚང་མ་ཡོང་འབབ་ཁེ་གཙང་རེད”ཅེས་བཤད།
གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་མཇུག་འགྲིལ་ལ་ཉེ་བ་དང་། རྔུལ་ཤོད་ཤང་ཏང་ཨུད་དང་སྲིད་གཞུང་དང་སྐྱེལ་འདྲེན་རུ་ཁག་གི་རུ་དཔོན་པ་སངས་དང་དེ་བཞིན་སྐྱེལ་འདྲེན་རུ་མི་ཚང་མས་སྐྱེལ་འདྲེན་གྱི་ལས་སྒོ་གསར་པ་རྒྱ་སྐྱེད་ཇི་ལྟར་གཏོང་རྒྱུའི་ཐད་བསམ་བློ་གཏོང་བཞིན་ཡོད་པ་རེད། པ་སངས་ཀྱིས་གསར་འགོད་པར“ཚང་མས་ལོ་གཅིག་གི་གོང་ནས་གནད་དོན་དེར་བསམ་བློ་གཏོང་གི་ཡོད་པས་ངས་ནག་ཆུ་དང་། ཆབ་མདོ། ལྷ་ས་སོགས་སུ་བསྐྱོད་པ་ཡིན། ཐག་རིང་སྐྱེལ་འདྲེན་ལས་སྒོ་མང་པོ་དང་འབྲེལ་བ་བྱེད་ཐུབ་བྱུང་། སླད་ཕྱིན་གྱི་ལོ་གཅིག་ནི་འགག་རྩ་རེད། ལོ་གཅིག་གི་རྗེས་ལ་སྐྱེལ་འདྲེན་རུ་ཁག་ལམ་བུ་དེའི་ཐོག་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ལེགས་སུ་ཕྱིན་ཏེ་ཚང་མའི་ཡོང་འབབ་བརྟན་པོ་ཡོང་གི་རེད”ཅེས་བཤད།