དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་རི་རྫོང་སྨི་ཏི་ཁ་ཤང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-19

    ལྷ་རི་རྫོང་སྨི་ཏི་ཁ་ཤང་ནི་བོད་བྱང་ཐང་གི་མཐོ་གྲང་ཁུལ་དང་བོད་ཤར་གྱི་རི་མཐོའི་ལུང་ཤུར་གྱི་འབྲེལ་འཚམས་སུ་ཆགས་ཡོད། སྨི་ཏི་ཁ་བས་དུས་ཚོད་ཀྱིས་མི་མི་སྒུག་པའི་བློ་སྟོབས་དང་། སྔོན་དུ་བྱེད་ཕོད་པའི་དཔའ་སྟོབས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དཔའ་ཉམས་བཅས་ལ་བརྟེན་ནས་ངལ་བ་ཁྱད་བསད་ཀྱིས་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པར། རང་གི་ཁྱད་ཆོས་ལྡན་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་དེ་ས་བབ་མཐོ་ཚད་སྨི་5100ཡན་དུ་ངོ་མཚར་གྱི་བྱས་རྗེས་བཏོད་པ་རེད།

    ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་པ།

    སྨི་ཏི་ཁ་ཤང་གི་མིག་སྔའི་གནས་བབ་ལ་འགྱུར་ལྡོག་གཏོང་ཆེད། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་ཕྱུག་འགྱུར་ཐབས་ལམ་འཚོལ་གང་ཐུབ་བྱས་ཤིང་། ཤང་ཡོངས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་ཆེད། ཤང་ཏང་ཨུད་ཀྱིས་སྲིད་གཞུང་དུ་བསྐྱོད་པའི་ལམ་རྒྱུད་ཀྱི་གྲོང་ཚོ་6གི་གཞུང་ལམ་བསྐྱར་བཟོ་བྱས་ལ། དེ་ལས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་པ་མ་ཟད། མི་སེར་གྱིས་ཏང་ཡོན་ལས་བྱེད་པར་ཡིད་ཆེས་བྱེད་སེམས་ཀྱང་ཆེ་རུ་ཕྱིན་པ་རེད། 

    སྨི་ཏི་ཁ་ཤང་གིས“མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་སྐྱོད་པའི”མང་ཚོགས་ལམ་ཕྱོགས་གཞིར་བཟུང་དུད་ཚང་རེ་ལ་སྒོ་བྱང་རེ་དང་། དུད་ཚང་རེ་ལ་ཡིག་ཚགས་རེ། དུད་ཚང་རེ་ལ་འགལ་བ་དང་རྩོད་གཞི་གྲལ་བཤེར་རྩིས་ཁྲ་རེ། དུད་ཚང་རེ་ལ་ཕན་འབྲས་ཀྱི་རྗེས་སྙེག་འདྲི་རྩད་རེ་བཅས“གཅིག་རེ་བཞིའི”དོ་དམ་ལམ་ལུགས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལག་ལེན་བསྟར་ཏེ། དུད་ཚང་ཡོངས་ལ་ཆ་འཕྲིན་ཡིག་ཚགས་འཐུས་ཚང་རེ་བཟོས་ཤིང་། གྲོང་ཚོ་ཁག་གི་ཏང་ཡོན་ལས་བྱེད་པས་དུས་བཀག་བཞིན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱེད་པའམ་ཆ་འཕྲིན་བསྡུ་བ་སོགས་ཀྱི་ལས་དོན་ལེགས་པར་སྤེལ་ཏེ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་དངོས་ཡོད་དང་གོ་ཆོད་ཀྱི་ཆ་འཕྲིན་མཁོ་འདོན་བྱས་པ་རེད།

    ཤེས་དཔལ་གྱིས་སྣེ་ཁྲིད་བྱས་པ།

    2015ལོར་སྨི་ཏི་ཁ་ཤང་གི་མང་ཚོགས་ཡོངས་ནི་སྲན་མ་ཐང་ལ་ཐོར་བ་ལྟར་གཅིག་དུ་འདུས་དཀའ་ཞིང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ཆ་ཚང་པོ་མེད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་ཆེ་བ། དཔལ་འབྱོར་གྱི་གྲུབ་ཆ་སྣ་རྐྱང་བ། འབྲོག་པའི་འཚོ་བར་དཀའ་ངལ་ཆེ་བ་ལ་སོགས་ནི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིའི་ལས་འགན་འཁུར་མ་ཐག་པའི་པ་སངས་ཚེ་རིང་ལ་འཕྲད་པའི་དཀའ་ངལ་རེད།

    “མིག་སྔའི་གནས་བབ་ལ་འགྱུར་ལྡོག་གཏོང་ཆེད། ང་ཚོས‘དག་ཐེར་དང་། ཚད་ལྡན། གསར་གཏོད’བཅས་ཀྱི་འབོད་ཚིག་བསྒྲགས་པ་དང་། དེ་ཡང་ཐོག་མར་མང་ཚོགས་ཁྲོད་ཀྱི་ལས་བྱེད་དཔུང་ཁག་གི་དབང་གྲགས་ཆེ་རུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་ཡོང་ཐབས་བྱས་པ་ཡིན”ཞེས་པ་སངས་ཚེ་རིང་གིས་གསར་འགོད་པར་བཤད།

    དེ་སྔ་ན་གནམ་གྲོང་ཚོ་ནི“ནུས་མེད་ཟབ་ཟོབ་ཀྱི་དཔེ་མཚོན་གྲོང་ཚོ”ཞིག་ཡིན་པས། གྲོང་ཚོའི་འགན་གཙང་ལེན་མཁན་གྱི་འགོ་ཁྲིད་པ་སངས་ཚེ་རིང་གིས་རང་ཉིད་ངོ་མས་དག་ཐེར་ལ་དམ་འཛིན་བྱས་པ་རེད། སྐབས་ཤིག་རིང་ཟུར་ཁྲིད་དང་། ཆེད་དོན་པར་གཞི་སློབ་སྦྱོང་། སློབ་གསོ་གསོ་སྦྱོང་། ཉམས་མྱོང་སྤེལ་རེས་སོགས་ཀྱི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་བསྟུད་མར་སྤེལ་ཞིང་། ལོ་གཅིག་རིང་ན་གནམ་གྲོང་ཚོར་རྒྱན་པོ་འགྱེད་པ་དང་ཆང་རག་ཚོད་མེད་འཐུང་བ་སོགས་ཀྱི་སྲོལ་ངན་མེད་པར་གྱུར་པ་མ་ཟད། ད་དུང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་གཞོལ་བའི་རྣམ་པ་གསར་པ་ཞིག་རིམ་གྱིས་མངོན་པ་རེད།

    ཐོན་ལས་ཀྱིས་སྣེ་ཁྲིད་བྱས་པ།

    པ་སངས་ཚེ་རིང་གིས“རྗེས་ལུས་ནི་སྨི་ཏི་ཁའི་ཁྱད་ཆོས་གཏན་ནས་མིན། ང་ཚོར་ངེས་པར་དུ་གཞི་ཁྱོན་ཅན་དང་རྒྱུན་མཐུད་པའི་ཐོན་ལས་ཡོད་དགོས”ཞེས་བཤད།

    ཤང་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མར་རྨང་བརྟན་དམངས་ཕན་གྱི་མ་དངུལ་སྤྱད་དེ། གྲོང་ཚོ་ཁག་ཏུ“ཀྲི་ཧྲུའུ་ཡིས་ཡོང་འབབ་གསོག་པའི་འདུ་འགོད”ལག་ལེན་བསྟར་དུ་བཅུག་པ་དང་། གྲོང་ཚོ་རེའི་ཏང་ཀྲི་པུའི་ཧྲུའུ་ཅིས“ཚོང་ཁང་ཆུང་ངུ་”གཉེར་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

    2017ལོར“ཚོང་ཁང་ཆུང་ངུ”དེ་དག“ཤང་རེའི་མཉམ་ལས་རྟེན་གཞི་རེ”དང“གྲོང་ཚོ་རེའི་མཉམ་ལས་ཁང་རེ”ལ་འཕེལ་རྒྱས་བཏང་སྟེ། སྨི་ཏི་ཁ་ཤང་གིས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་པ་རེད། གྲོང་ཚོ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་དཔལ་འབྱོར་མཉམ་ལས་ཁང་གཅིག་རྗེས་གཉིས་མཐུད་ངང་གཉེར་ཞིང་། ཁྲ་ཚང་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་བྱེ་རྡོ་ར་བ་བསྐྲུན་པ་དང་། དབུ་ཆུང་གྲོང་ཚོ་དང་མཚོ་ཁྲ་གྲོང་ཚོས་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་བོད་ལུགས་ཁྱིམ་ཆས་དང་མི་རིགས་ལག་ཤེས་བཟོ་རྩལ་གྱི་གྱོན་ཆས་ཐོན་ལས་འཕེལ་རྒྱས་བཏང་བ། རྟ་གདོང་གྲོང་ཚོས་འགྲིམ་འགྲུལ་དང་ཁོར་ཡུག་གི་ལེགས་ཆར་བརྟེན་ནས“འབྲོག་པའི་སྤྲོ་སྐྱིད་ཁང”གི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་བཙུགས་ཏེ་གྲོང་ཚོ་ཉི་ཤུར་སྤུས་རྟགས་ཐོན་ལས་20ཙམ་དར་རྒྱས་བྱུང་བ་རེད།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར། སྨི་ཏི་ཁ་ཤང་གིས་འབད་བརྩོན་བྱས་པ་བརྒྱུད་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། 2018ལོའི་ལོ་མཇུག་བར། འབར་རྫས་ལས་སྣོན་བཟོ་གྲྭར་ཡོང་འབབ་སྒོར་ཁྲི་42ཙམ་རག་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་19ཡི་མི་གྲངས་98ལ་སྐུལ་ཁྲིད་ཐུབ་སྟེ། མི་རེར་ཆ་སྙོམས་ཡོང་འབབ་སྒོར་6786བྱུང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།