ངམ་རིང་རྫོང་རྩྭ་རྩེ་ཤང་ཐང་ཆུང་གྲོང་ཚོའི་ངག་དབང་ནི་ལོ་རབས་80པའི་རྗེས་སྐྱེས་ཀྱི་ཏང་ཡོན་ཞིག་རེད།
ངག་དབང་ཆུང་དུས་ནས་སློབ་སྦྱོང་གི་སྦྱངས་འབྲས་ཕུལ་དུ་བྱུང་ཡང་། ཁྱིམ་ཚང་དབུལ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དམའ་འབྲིང་ཐོན་རྗེས་སློབ་གྲྭར་སྐྱོད་མཚམས་བཞག་སྟེ་ཕྱུགས་འཚོ་བ་དང་། ངག་དབང་གིས་ཞིང་འབྲོག་ལས་ཀྱི་ཡོང་འབབ་ཁོ་ནར་བརྟེན་ཚེ་ཁྱིམ་ཚང་གི་གནས་བབ་ལ་འགྱུར་ལྡོག་གཏོང་མི་ཐུབ་པ་ཤེས་ཏེ་ཕྱིར་གླ་པར་སྐྱོད།
2005ལོར་ངག་དབང་གིས་ཟླ་རེར་གླ་ཕོགས་སྒོར་2400ཡོད་པའི་ལས་ཀ་བཞག་སྟེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལམ་དུ་བསྐྱོད་པ་རེད།
དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་5གཡར་བའི་ཁར། རང་ཉིད་ཀྱི་གསོག་དངུལ་དང་དགའ་ཉེ་སྤུན་མཆེད་ཀྱི་ས་ནས་བསྡོམས་སྒོར་ཁྲི་10ལྷག་ཙམ་གཡར་ནས་ལས་གཏོད་མ་དངུལ་བྱས་ཏེ་ཁོང་གིས་དངོས་སུ་ལས་གཏོད་བྱེད་འགོ་ཚུགས་ཤིང་། ཐོག་མར་ཕ་ཡུལ་དུ་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་རེད།
དང་ཐོག་ཁྲོམ་ར་དང་དངོས་ཟོག་འདྲེན་པའི་ཐབས་ལམ་སོགས་ལ་རྒྱུས་མངའ་མེད་པས་རང་ཉིད་ཀྱི་ཚོང་ཁང་དུ་དངོས་ཟོག་ཕུང་གསོག་ཐེབས་ནས་མ་དངུལ་འཁོར་སྐྱོད་བྱེད་དཀའ་བའི་གནས་ཚུལ་ཐོན། ཁྲོམ་རའི་དགོས་མཁོར་ཤེས་རྟོཌ་གཏིང་ཟབ་བྱས་པ་བརྒྱུད་ངག་དབང་གིས་ཉེར་མཁོའི་དངོས་རྫས་ཁག་གཅིག་ཤང་དུ་བྲིན་ཁ་རྒྱུག་པོ་ཡོད་པ་ཤེས་ཤིང་། མཇུག་མཐའི་སྒོར་5000ཆ་ཚང་བཏང་ནས་དངོས་ཟོག་ཉོས་པ་དང་ཕ་ཡུལ་དུ་བཙོངས་པས་རང་ཉིད་ལ་ཁེ་བཟང་ཐོག་མ་བྱུང་བ་རེད། 2016ལོར་ཁེ་བཟང་བྱུང་བའི་དངུལ་དག་སྤྱད་དེ་ཚོང་ཁང་ལ་བཟོ་བཅོས་བརྒྱབ་པ་དང་། ཚོང་ཡང་ཇེ་ཡག་ཏུ་སོང་སྟེ་ལོ་གཉིས་ཁོ་ནར་གཡར་དངུལ་དང་དངུལ་ཁང་གི་དངུལ་བུན་དང་སྐྱེད་ཀ་ཚང་མ་སྤྲད་ཟིན་པ་མ་ཟད་ད་དུང་གསོག་དངུལ་ཅུང་ཟད་ཀྱང་བྱུང་ཡོད།
རྩྭ་རྩེ་ཤང་ནས་རྫོང་གྲོང་བར་སྤྱི་ལེ་190ཡོད་པ་དང་གྲོང་ཁྱེར་བར་སྤྱི་ལེ་400ལྷག་ཙམ་ཡོད། ཕྱི་ནས་རླངས་འཁོར་གླས་ཚེ་དབོར་གླ་མཐོ་བ་དང་། སྐབས་དེ་དུས་ཤང་དུ་སྐྱེལ་འདྲེན་རླངས་འཁོར་གཅིག་གཉིས་ལས་མེད་པས། ཡུལ་མི་སྤུན་ཟླ་ཚོས་ཡུལ་ཟོག་ཕྱིར་ཚོང་དང་འབྲུ་རིགས་ཉོ་བ་སོགས་སྐྱེལ་འདྲེན་དཀའ་བ་དང་། ལྷག་དོན་དུ་འབྲོག་ལས་ཐོན་རྫས་ཕྱིར་ཚོང་བྱེད་པའི་དུས་སུ་མང་ཚོགས་ཀྱི་རླངས་འཁོར་སྤྱོད་པའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། བློ་རིག་བཀྲ་བའི་ངག་དབང་གིས་ཚོང་ལམ་ཡག་པོ་དེར་དམིགས་ནས་བཟའ་ཟླ་དང་གྲོས་མོལ་བྱས་ཤིང་། མཐར་བཟའ་ཟླས་ཚོང་ཁང་གཉེར་བ་དང་། རང་ཉིད་ཀྱིས་སྐྱེལ་འདྲེན་རླངས་འཁོར་ཞིག་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ་བ་རེད།
ངག་དབང་ནི་རྣམ་འགྱུར་ཡག་པ་དང་སྐྱེལ་འདྲེན་ལས་ལ་སྤྲོ་སེམས་འཁོལ་བའི་ཁར་སྐྱེལ་འདྲེན་གྱི་གླ་ཆ་མི་གཞན་ལས་ཁེ་བ་ཡོད་པས་ཉེ་འགྲམ་གྱི་གྲོང་མི་ཚོས་ཁོང་གི་རླངས་འཁོར་གླས་རྒྱུར་དགའ་པོ་བྱེད་པས། སྐྱེལ་འདྲེན་གྱི་ཡོང་འབབ་ཀྱང་ལོ་གཅིག་ལ་སྒོར་ཁྲི་10ལྷག་ཙམ་ཟིན་པ་རེད།
ངག་དབང་གིས“ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས། ང་ཚོ་འབྲོག་པ་མང་ཚོགས་ཚོས‘སྒུག་བརྟེན་སློང་གསུམ’གྱི་བསམ་བློ་ཡོངས་སུ་སྤངས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབད་འབུངས་ཧུར་བརྩོན་བྱས་ན། སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཐུབ་ངེས་རེད”ཅེས་བཤད།