དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་མིའི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-24

    ལས་གཏོད་གཏམ་རྒྱུད།

    2013ལོར།

    རབ་བརྟན་གྲོང་ཚོར་སྒོར་ཁྲི་20ཡི་བཟའ་བཅའི་ཤ་མོ་འདེབས་འཛུགས་རྣམ་གྲངས་རག་པ།

    2018ལོའི་བར།

    བཟའ་བཅའི་ཤ་མོ་ཞིང་པའི་འདེབས་འཛུགས་མཉམ་ལས་ཁང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་74ལ་ལས་གནས་མཁོ་འདོན་བྱས་པ།

    2019ལོར།

    ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་60ཡན་བསྡུ་རྒྱུ་ཡིན་པ།


    དྲོད་ཁང་ཆེ་མོའི་ནང་རིམ་པ་བཞིན་སྤུངས་པའི་ཤ་མོར་ལྟ་གིན་པ་སངས་དོན་གྲུབ་ཀྱི་ངོ་གདོང་ལས་སྐྱིད་པའི་འཛུམ་མདངས་འཕྱུར་ཞིང་། ཁོང་གིས“འདི་དག་ཚང་མ་གྲོང་མི་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་མཆོག་ནོར་ལྟ་བུ་ཡིན་པས་གཅེས་སྤྲས་ཡག་པོ་བྱེད་དགོས”ཞེས་བཤད།

    རྣམ་ཀུན་ནས་གད་མོ་དགོད་རྒྱུར་དགའ་ཞིང་མཁུར་ཚོས་ཅུང་དམར་བའི་བོད་རིགས་ཕོ་གཞོན་དེ་ནི་གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་རེད། ཁོང་ནི་ལོ་18ནས་ཕྱིར་གླ་པ་བྱེད་པར་བསྐྱོད་པས་ལྟ་རྒྱ་ཐོས་རྒྱ་ཆེ་བ་མ་ཟད། ད་དུང་རང་ཉིད་ཀྱིས་ཨར་ལས་རུ་ཁག་ཅིག་བཙུགས་ཡོད་པ་དང་ཞོར་ལ་ཨར་འདམ་ས་ཕག་ཚོང་གི་ཡོད། ད་ཆ་ཁོང་གིས་གྲོང་ཚོའི་ཤ་མོ་འདེབས་འཛུགས་དྲོད་ཁང་ཆེ་མོར་བདག་སྐྱོང་བྱེད་བཞིན་ཡོད། ཉིན་ལྟར་ཁོང་དེ་གར་ཐེངས་ཁ་ཤས་ལྟ་བར་མ་བསྐྱོད་ན་རྩ་བ་ནས་བློ་བདེ་པོ་མེད་པ་རེད།

    ཁོང་གིས“ཤ་མོ་འདེབས་འཛུགས་བྱས་པ་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲོང་མི་འདི་གར་ལས་ཞུགས་ཐུབ་ནས་ཐོབ་ཆ་བགོ་རྒྱུ་བྱུང་ལ། དབུལ་སྒྲོལ་ཕྱུག་འགྱུར་ཡང་ཐུབ་སོང་། དེར་ལྟ་སྲུང་ཡག་པོ་མ་བྱས་ན་ག་ནས་འགྲིག ལྷག་པར་དུ་ཤ་མོ་འདེབས་འཛུགས་བྱེད་པར་དཀའ་ལས་ཆེན་པོ་བརྒྱབ་ཡོད་པས་ངེས་པར་གཅེས་སྤྲས་ལེགས་པོ་བྱེད་དགོས”ཞེས་ལོ་འདི་དག་ནང་བཟའ་བཅའི་ཤ་མོ་འདེབས་འཛུགས་བྱེད་རིང་གི་དཀའ་ཚེགས་ཆེ་བའི་མྱོང་བར་དྲན་གསོ་བྱེད་བཞིན་དུ་བཤད།

    2013ལོར་རྒྱལ་རྩེ་རྫོང་ལྕང་ར་ཤང་རབ་བརྟན་གྲོང་ཚོར་གོང་རིམ་སྲིད་གཞུང་དང་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག སྒོར་ཁྲི་20ཡི་བཟའ་བཅའི་ཤ་མོ་འདེབས་འཛུགས་རྣམ་གྲངས་རག་པས་གྲོང་ཚོ་དེ་ཡོངས་སུ་སྤྲོ་སྣང་གིས་ཁེངས། འོན་ཀྱང་རྣམ་གྲངས་རེ་ཞུ་ལེགས་འགྲུབ་བྱུང་བ་དང་ཆབས་ཅིག་དཀའ་ངལ་ཡང་མང་པོ་ཞིག་འཕྲད་ཡོད། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་རབ་བརྟན་སྒང་གྲོང་ཚོའི་མཐའ་འཁོར་དུ་ཤ་མོ་འདེབས་འཛུགས་སྐོར་གྱི་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་ཞིག་མེད་ལ། གྲོང་མིའི་ཁྲོད་དུའང་བཟའ་བཅའི་ཤ་མོ་འདེབས་འཛུགས་ལག་རྩལ་ཤེས་མཁན་མེད་པ་ཤེས་རྟོགས་བྱུང་བ་རེད། བཟའ་བཅའི་ཤ་མོ་འདེབས་འཛུགས་རྣམ་གྲངས་ཇི་ལྟར་གཉེར་བ་དང་། སུ་ཞིག་གིས་རྣམ་གྲངས་དེའི་འགན་ཁུར་བ། གྲོང་མི་ཚོས་རང་འགུལ་ངང་ཤ་མོ་འདེབས་སྟངས་ཇི་ལྟར་སྦྱོང་དགོས་པ་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཐོན་པས་རྣམ་གྲངས་ཀྱང་རེ་ཞིག་འགོ་འཛུགས་མ་ཐུབ་པར་ལུས།

    པ་སངས་དོན་གྲུབ་ལགས་ཀྱིས་ཀྱང་བཟའ་བཅའི་ཤ་མོ་འདེབས་འཛུགས་རྣམ་གྲངས་ཀྱི་གནས་ཚུལ་གོ་ཐོས་བྱུང་ཞིང་། “སྐབས་དེ་དུས་ང་ལ་གསོག་དངུལ་ཕྲན་ཙམ་ཡོད། ཕྱོགས་གཅིག་ནས་ཐོབ་པར་དཀའ་བའི་གོ་སྐབས་དེ་བློས་མི་ཐོངས་པས་རྣམ་གྲངས་དེ་ཐད་ཀར་གཉེར་འདོད་བྱུང་ལ། ཕྱོགས་གཞན་ཞིག་ནས་མི་རྒྱུ་དངོས་གསུམ་བཏང་བའི་མཇུག་འབྲས་ཕམ་ན་རང་ཉིད་ཀྱིས་ད་བར་དཀའ་ལས་བརྒྱབ་ནས་བསགས་པའི་དངུལ་དེ་དག་རྒྱ་མཚོར་རྡོ་གཡུག་པའི་དཔེ་རུ་འགྲོ་འོང་སྙམ་ནས་སྐྲག་བྱུང”ཞེས་བཤད་པ་དང་། ཡིན་ཡང་པ་སངས་དོན་གྲུབ་ཀྱིས་བསམ་བློ་གང་མང་བཏང་མཐར། བློ་ཁོག་ཆེན་པོས་རྣམ་གྲངས་གཉེར་རྒྱུའི་རེ་འདུན་ཞུས་ནས་ཤ་མོ་འདེབས་འཛུགས་ཀྱི་རྣམ་གྲངས་རྩིས་བླངས།

    “ང་ནི་2002ལོར་ཏང་ནང་ཞུགས་པའི་གུང་ཁྲན་ཏང་ཡོན་ཞིག་ཡིན་ལ། གྲོང་ཚོའི་ལས་བྱེད་པ་ཞིག་ཀྱང་ཡིན། རང་ཉིད་ཕྱུག་པོར་གྱུར་རྗེས་གཞན་ལ་བསམ་བློ་མ་བཏང་ན་ག་ལ་འགྲིག”ཅེས་པ་སངས་དོན་གྲུབ་ཀྱིས་བཟའ་བཅའི་ཤ་མོ་འདེབས་འཛུགས་ནི་གྲོང་མི་རྣམས་ཕྱུག་པོར་འགྱུར་བའི་ལམ་བཟང་ཞིག་ཡིན་པའི་ངོས་འཛིན་བྱེད་ལ། ཁོང་གིས་སྔོན་ལ་ལམ་དེ་འཚོལ་བར་སྐྱོད་དགོས་སྙམ།

    རྒྱལ་རྩེ་རྫོང་ཚན་རྩལ་ཅུས་ཀྱི་རོགས་སྐྱོར་དང་དེ་བཞིན་ཧྲང་ཧའེ་གྲོང་ཁྱེར་བོད་སྐྱོར་མ་དངུལ་གྱི་རོགས་རམ་འོག རབ་བརྟན་སྒང་གྲོང་ཚོའི་བཟའ་བཅའི་ཤ་མོ་འདེབས་འཛུགས་རྣམ་གྲངས་དངོས་སུ་གཉེར་འགོ་ཚུགས་པ་མ་ཟད། གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ཀྱང་བྱེད་འགོ་ཚུགས། “ཚན་རྩལ་ཅུས་ཀྱིས་ཤ་མོ་འདེབས་འཛུགས་ཀྱི་སྒྲིག་ཆས་མཁོ་འདོན་བྱེད་རོགས་བྱས་པ་དང་། ཧྲང་ཧའེ་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་རོང་ས་དམར་པོའི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་ཁུལ་གྱིས་སྤུས་ལེགས་ཤ་མོའི་རིགས་མཁོ་འདོན་དང་ལག་རྩལ་གྱི་མཛུབ་སྟོན་བྱས་པ་མ་ཟད། ཕྱིར་འཚོང་རོགས་ཀྱང་བྱས་པས་ང་ཚོར་སེམས་ཁྲལ་གང་ཡང་མི་འདུག ད་ཆ་ཤ་མོ་སྐྱེ་འཚར་བཟང་པོ་ཡོད་པས་ཁྱིམ་ཚང་དབུལ་པོ་མི་ཉུང་བ་ཞིག་ལ་དབུལ་སྒྲོལ་འབབ་འཕར་བྱུང་ཡོད” 2018ལོ་བར་ལྕང་ར་ཤང་རབ་བརྟན་སྒང་གྲོང་ཚོའི་བཟའ་བཅའི་ཤ་མོ་ཞིང་པའི་འདེབས་འཛུགས་མཉམ་ལས་ཁང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་74ལ་ལས་གནས་མཁོ་འདོན་བྱས་པ་མ་ཟད། འདི་ལོ་སླར་ཡང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་60ཡན་ལས་ཞུགས་ཐུབ་པར་བྱས་ནས་འབབ་འཕར་བརྟན་པོ་ཡོང་བ་བྱ་རྒྱུ་རེད།

    2017ལོ་ནས་བཟུང་མཉམ་ལས་ཁང་གིས་ལོ་ལྟར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་10དང་བལྟོས་བཅས་ཀྱིས་དཀའ་ངལ་ཡོད་པའི་དབུལ་པོ་མ་ཡིན་པའི་དུད་ཚང་5ལ་འཚམས་འདྲི་བྱེད་པ་མ་ཟད། ཁ་གདན་དང་། རྩྭ་གདན། གྲོ་ཞིབ་སོགས་སྤྲོད་ཀྱི་ཡོད་པ་རེད། 2018ལོ་ནས་བཟུང་མི་ཧྲེང་རྒན་རྒོན་དང་ངལ་རྩོལ་ནུས་ཤུགས་མི་འདང་བའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཁེ་བཟང་བགོ་བཤའ་བརྒྱབ་པ་དང་ཚད་གཞི་སྒོར་2000ལས་མི་དམའ་བ་བྱས། པ་སངས་དོན་གྲུབ་ཀྱིས་གཏོད་པའི་ཕྱུག་འགྱུར་ལམ་བུས་རབ་བརྟན་སྒང་གྲོང་ཚོའི་གྲོང་མིར་དངོས་ཕན་ཆེན་པོ་ཐོབ་བཞིན་ཡོད་པ་རེད།

    “གྲོང་མི་ཚོས་རང་ཉིད་ཀྱིས་ཕྱུག་འགྱུར་རྩལ་ནུས་གཅིག་ཤེས་ན་ཡག་ཤོས་རེད” རྒྱུན་ལྡན་གྱི་ལས་དོན་ཁྲོད་པ་སངས་དོན་གྲུབ་ཀྱིས་དེ་གར་ཡོང་མཁན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཤ་མོ་འདེབས་སྟངས་སློབ་ཀྱི་ཡོད་པ་མ་ཟད། དུད་ཚང་དབུལ་པོར་མཉམ་ལས་ཁང་གི་བཟོ་ཁང་དང་དྲོད་ཁང་ཆེ་མོ་འགན་གཙང་བླངས་ཏེ་རང་ཉིད་ཀྱི་ལག་གཉིས་དང་འཇོན་ཐང་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པའི་སྐུལ་ལྕག་གཏོང་གི་ཡོད་པ་དང་། གལ་ཏེ་དགོས་མཁོ་ཡོད་ན་ཁོང་གིས་ད་དུང་དུས་ཐོག་ཏུ་རོགས་རམ་བྱེད་ངེས་པའི་ཁས་ལེན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།