མི་དམངས་དྲ་བའི་ཐོག་གློག་འཕྲིན་འབྱོར་གསལ། དཔོན་པོ་རིའི་རི་གཤམ་དང་ས་སྐྱ་དགོན་པའི་ཉེ་འགྲམ་གྱི་སྒོ་ར་ཆེན་པོ་ཞིག་ནས་སྤོས་ཀྱི་ཐུན་མིན་དྲི་ཞིམ་ཞིག་ཡོངས་སུ་འཐུལ། སྒོ་རའི་ནང་དུ་འཛུལ་མ་ཐག་མི་འགའ་ཤས་ཀྱིས་སྤོས་རྒྱུ་ལེན་བཞིན་པ་དང་། འགའ་ཤས་ཀྱིས་སྤོས་བཟོ་བཞིན་པ། འགའ་ཤས་ཀྱིས་སྤོས་ཐུམ་སྒྲིལ་རྒྱག་བཞིན་འདུག དེ་གའི་སྤོས་མང་ཆེ་བ་དྲ་ཐོག་ནས་ཐག་རིང་པེ་ཅིང་དང་། ཧྲང་ཧའེ། ཧང་ཀྲོའུ་སོགས་སུ་འཚོང་བར་ལོ་གཅིག་ལ་བྲིན་ཚོང་དངུལ་འབོར་སྒོར་ཁྲི་2000ལྷག་ཙམ་ཟིན་གྱི་ཡོད།
ས་སྐྱ་རྫོང་ནི་བོད་བརྒྱུད་ནང་བསྟན་གྱི་ས་སྐྱ་བའི་འབྱུང་གནས་ཡིན་པ་སྐྱེ་བོ་ཀུན་གྱིས་ཤེས་གསལ་རེད། ས་སྐྱ་བའི་ཁྲི་རབས་ལྔ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་སྐད་གྲགས་ཆེ་བའི་འཁོན་གྱི་གདུང་རྒྱུད་དུ་སྐུ་འཁྲུངས། ཁོང་གིས་ལོ་མང་རིང་སྤོས་ཀྱི་རིག་གནས་ལ་ཞིབ་འཇུག་གནང་བ་མ་ཟད། སྐུ་ངོ་མས་གསང་བའི་སྨན་སྦྱོར་བྱེད་ཐབས་གཏན་འབེབས་ཀྱང་གནང་བ་རེད།
2007ལོར། ས་སྐྱེས་རྡོ་སྐྱེས་ཀྱི་ས་སྐྱ་བ་རིན་ཆེན་དངོས་གྲུབ་ལ་སྟེས་དབང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤོས་བཟོ་སྟངས་སྐོར་གྱི་དཔེ་རྙིང་ཚད་ལྡན་རག་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤོས་ལ་ཞིབ་འཇུག་གསར་སྤེལ་བྱེད་འགོ་ཚུགས། ཚོད་ལྟ་དང་ལེགས་བཅོས་ཐེངས་མང་བྱས་པ་བརྒྱུད། རིན་ཆེན་དངོས་གྲུབ་ཀྱིས་སྤོས་ལ་མེ་སྤོར་བདེ་པོ་མེད་པ་དང་ཆག་སླ་བའི་གནད་དོན་ཐག་གཅོད་བྱས་པས། རྒྱུན་ཐེངས་མང་ཆད་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤོས་ལ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར།
2013ལོར། རིན་ཆེན་དངོས་གྲུབ་ཀྱིས་མ་དངུལ་སྒོར་ཁྲི་830རང་གྲབས་བྱས་ཏེ་བོད་ལྗོངས་ས་སྐྱ་རྫོང་འཁོན་སྤོས་བཟོ་ཚོང་ཚད་ཡོད་ཀུང་སི་བཙུགས། ད་ཆ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤོས་དེ་བཟོ་ཁང་ཆུང་ངུ་རྣམ་པའི་ཁེར་རྐྱང་གཉེར་སྐྱོང་བྱེད་སྟངས་ནས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གཏོང་བའི་མྱུར་བགྲོད་ལམ་བུར་རིམ་བཞིན་སྐྱོད་འགོ་ཚུགས་པ་དང་། ཀུང་སི་དེ་ཡང་2017ལོར་བོད་ལྗོངས་འཁོན་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཞེས་པར་མིང་བསྒྱུར་བ་དང་ཐོ་འགོད་མ་རྩ་སྒོར་ཁྲི་8480ཟིན་ཡོད།
འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤོས་ནང་སར་འཚོང་བའི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། རིན་ཆེན་དངོས་གྲུབ་ཀྱིས་2014ལོར་ཀུང་སིའི་དྲ་ཚིགས་བཙུགས་ནས་པེ་ཅིང་དང་། ཧྲང་ཧའེ། ཧྲན་ཏུང་། ཧའེ་ནན་སོགས་སུ་དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུའི་ཚོང་ཁང་བཙུགས་ནས“དྲ་སྦྲེལ+”གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པས། ཐོན་རྫས་ཉོ་ཚོང་བྱེད་བདེ་རུ་དང་ཚོང་ལམ་ཤར་གཏོང་ཐུབ་ནས་ལོའི་བྲིན་ཚོང་དངུལ་འབོར་མུ་མཐུད་40%ཙམ་འཕར་ཡོད་པ་རེད།
མིག་སྔར་ཀུང་སི་དེར་ལས་མི་28ཡོད་པ་ལས་ལས་མི་19ནི་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ནས་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ས་སྐྱ་རྫོང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཤིན་ཏུ་དབུལ་བའི་རྫོང་གི་ཁོངས་སུ་གཏོགས་པ་དང་། རྫོང་ཡོངས་ལ་མིག་སྔར་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་8673ཡོད་པ་དེས་རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་18.1%ཟིན་པ་དེ་དག་2019ལོར་དབུལ་ཞྭ་འཕུད་ཐུབ་པའི་འཆར་གཞི་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། ས་སྐྱ་རྫོང་གིས་དོན་དངོས་ལ་གཞིགས་ནས་འདེབས་འཛུགས་དང་། གསོ་ཚགས། ཡུལ་སྐོར་མི་རིགས་ལག་ཤེས་བཟོ་ལས། ཨར་སྐྲུན་རྒྱུ་ཆ། རིག་གནས་ཡུལ་སྐོར་བཅས་ཐོན་ལས་ཆེན་པོ་ལྔའི་འཕེལ་རྒྱས་དམིགས་ཚད་བཟོས་ཡོད་པ་རེད།